གཡུས་མི་ཅིག་གིས་ རྒེད་འོག་མི་སྡེ་ལྟེ་བ་ལས་ འགྲེམ་རྟགས་དང་ ཡིག་ཆ་འདྲ་བཤུས་རྐྱབ་ནིའི་ ཞབས་ཏོག་ལེན་པའི་བསྒང་།

རྒེད་འོག་མི་སྡེ་ལྟེ་བ་ཚུ་ནང་ གློག་རིག་ཡོངས་འབྲེལ་གྱི་ ཞབས་ཏོག་མེད་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ ལའུ་རི་དང་ གླང་ཅན་ཕུག་ གསེར་ཐིག་རྒེད་འོག་༣ གྱི་ རྒེད་འོག་མི་སྡེ་ལྟེ་བ་ཚུ་ནང་ ཡོངས་འབྲེལ་གྱི་ ཞབས་ཏོག་མེདཔ་ལས་ རྒེད་འོག་གི་ འགོ་དཔོན་ཚུ་ ཡོངས་འབྲེལ་གྱི་ ཞབས་ཏོག་སྤྱོད་ནིའི་དོན་ལུ་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
གསེར་ཐིག་རྒཔོ་ པདྨ་ཆོས་འཕེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལྟེ་བ་ཚུ་གིས་ ཡོངས་འབྲེལ་ཐོག་དང་ དངུལ་ཁང་གི་ ཞབས་ཏོག་ལ་སོགས་པ་ཚུ་ བྱིན་དགོཔ་ཨིན་རུང་ ད་རེས་ འགྲེམ་རྟགས་དང་ གློག་མེ་ཡོད་པའི་སྐབས་ ཡིག་ཆ་འདྲ་བཤུས་རྐྱབ་ནི་ཚུ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ལས་ ལྟེ་བ་དེ་ རེ་བ་དང་འཁྲིལ་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་འཕྲལ་སྐབས་ གློག་འགྲེམ་བལྟ་ནིའི་དོན་ལུ་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོ་པས་ཟེར་ཨིནམ་ད་ སྐྱེས་ཐོ་དང་ ཤི་ཐོ་ལ་སོགས་པ་ཚུ་ ཡོངས་འབྲེལ་ཐོག་ལས་ གཏང་དགོཔ་ལས་ ལྟེ་བའི་ནང་ ཡོངས་འབྲེལ་གྱི་ ཞབས་ཏོག་མེད་མི་ལུ་བརྟེན་ མི་རྩིས་འཛགས་ལུས་ཤོར་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཁག་ཆེ་བའི་ལཱ་ཚུ་ ཐོན་པའི་སྐབས་ བདུན་ཕྲག་༡ ནང་ ཚར་༢ དང་༣ དེ་ཅིག་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ དེ་གི་དོན་ལུ་ དྲུང་པ་ལས་ གནང་བ་ལེན་དགོཔ་བཞིན་དུ་ འཕྲལ་འཕྲལ་ གནང་བ་མེད་པར་ འགྱོ་དགོཔ་ཐོན་དོ་ཡོདཔ་ལས་ དེ་སྐབས་ ཉིན་འཐུས་ཚུ་ཡང་ མི་འཐོབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་གཡོགཔ་ཅིག་འབདཝ་ལས་ མི་སེར་ཚུ་གི་ མཐའ་དོན་འགྲུབ་དགོ་པས་ཟེར་ཨིནམ་ད་ ཇོ་མོ་གཙང་ཁ་ལུ་འགྱོ་ནིའི་ དཀའ་ངལ་མེད་རུང་ གནམ་བྱཱར་གྱི་སྐབས་ འཁོར་ལམ་གྱི་གནས་སྟངས་དང་ གཙང་ཆུ་ཚུ་ བྲེས་དོ་ཡོད་མི་དེ་ གདོང་ལེན་ཅན་ཅིག་ ཨིན་ཟེར་ཨིན་པས།
ལའུ་རི་རྒེད་འོག་གི་དམངས་མི་ བསྟན་འཛིན་ནོར་བཟང་གིས་ སླབ་མིའི་ནང་ ཨ་ལོ་གསར་སྐྱེས་ཀྱི་ ཐོ་བཀོད་འབད་ནི་དང་ ཤིང་ཆས་ཀྱི་ གནང་བ་ལེན་ནི་ལ་སོགས་པའི་དོན་ལུ་ བདུན་ཕྲག་༡ ནང་ ཚར་༣ དང་༤ དེ་རེ་ ཇོ་མོ་གཙང་ཁ་ལུ་ འགྱོ་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཇོ་མོ་གཙང་ཁ་དེ་ ལའུ་རི་ལས་ ཀི་ལོ་མི་ཊར་༦༩ དེ་ཅིག་ ཡོདཔ་ཨིན་པས།
གསེར་ཐིག་རྒེད་འོག་གི་ མི་སྡེ་ལྟེ་བའི་འགོ་འཛིན་པ་ བདེ་ཆེན་ལྷ་མོ་གིས་ སླབ་མིའི་ནང་ རྫོང་ཁག་བརྡ་དོན་དང་ བརྒྱུད་འབྲེལ་འཕྲུལ་རིག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༣༡ གི་ནང་འཁོད་ལུ་ ཡོངས་འབྲེལ་གྱི་ ཞབས་ཏོག་མཐུད་སྦྲེལ་འབད་ནི་སྦེ་ སླབ་དེས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ མི་མང་ཤོས་ཅིག་གིས་ ཉོགས་མེད་ལག་ཁྱེར་དང་ ཤིང་ཆས་ཚུ་གི་ གནང་བའི་དོན་ལུ་ འོང་དོ་ཡོདཔ་ཨིན་རུང་ ལྟེ་བའི་ནང་ ཡོངས་འབྲེལ་གྱི་ ཞབས་ཏོག་མེདཔ་ལས་ རྒེད་འོག་ནང་ བཏང་དོ་ཟེར་ཨིནམ་ད་ ལྟེ་བའི་ནང་ བརྒྱུད་འཕྲིན་དང་ འདྲ་བཤུས་རྐྱབ་ནིའི་ མཐུན་རྐྱེན་ཅིག་ཡང་ མེད་མི་ལུ་བརྟེན་ ཞུ་བ་འབད་དེ་ར་ ཡོད་ཟེར་ཨིན་པས།
རྫོང་ཁག་འཕྲུལ་རིག་འགོ་དཔོན་ ཉི་མ་དབང་ཕྱུག་གིས་ སླབ་མིའི་ནང་ འཕྲུལ་རིག་ལས་ཁུངས་དང་ འབྲུག་གློག་མེ་ལས་འཛིན་༢ ཀྱིས་ རྩ་འགེངས་དོ་ཟེར་ཨིན་རུང་ བསམ་རང་ལས་ གླང་ཅན་ཕུག་གི་བར་ན་ ཀི་ལོ་མི་ཊར་༥༠ ལྷགཔ་ཅིག་ ནགས་ཚལ་ཡོད་པའི་ཁར་ གླངམོ་ཆེ་ཚུ་ཡོདཔ་མ་ཚད་ ཆུ་རུད་ཐོན་པའི་སྐབས་ གློག་མེའི་ཀཝ་དང་གཅིག་ཁར་ ཡོངས་འབྲེལ་གྱི་ཐགཔ་ཚུ་ མེདཔ་བཏང་ཡོདཔ་ལས་ གྲུབ་འབྲས་ཐོན་མ་ཚུགས་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༡ གི་ནང་འཁོད་ལུ་ རྒེད་འོག་༨ དང་ མི་སྡེ་ལྟེ་བ་༨ ནང་ ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
ཉི་མ་དབང་ཕྱུག་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ ཡོངས་འབྲེལ་གྱི་དོན་ལུ་ ཨིན་ཊར་ནཱལ་ མི་ཌི་ཡ་ཀཱན་བཌ་ཊར་བྱིན་ཏེ་ཡོདཔ་ལས་ བདེ་བ་ཐང་གི་ ཡོངས་འབྲེལ་བཀྲམ་སྤེལ་འབད་སའི་ནང་ ཐགཔ་མཐུད་སྦྲེལ་གྱི་ ས་གོ་མེད་མི་ལུ་བརྟེན་ ཇོ་མོ་གཙང་ཁ་དྲུང་ཁག་འོག་གི་ རྒེད་འོག་༣ གྱི་དོན་ལས་ བསམ་རང་མི་སྡེ་ལྟེ་བ་ལས་ མཐུད་སྦྲེལ་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ལའུ་རི་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *