རྫོང་ཁག་བཟོ་རིག་འགོ་དཔོན་ སྐལ་བཟང་ལྷུན་གྲུབ་ཀྱིས་ ཞུ་བ་འབད་བའི་བསྒང་།

རྒེད་འོག་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པའི་ མཁོ་འདོད་བཀོད་མི་ལུ་ འོས་འབབ་མེདཔ།

༉ མི་སེར་ལུ་ ཞབས་ཏོག་སྤྲོད་ནི་དང་ སྤུས་ཚད་ཅན་གྱི་ ལཱ་གི་གྲུབ་འབྲས་ཐོན་ཚུགས་ཐབས་ལུ་ རྒེད་འོག་ནང་ རྩིས་འཛིན་པ་དང་ བཟོ་རིག་འགོ་དཔོན་དགོཔ་སྦེ་ ལྷུན་རྩེ་རྫོང་ཁག་ཚོགས་འདུའི་ནང་ གྲོས་གཞི་བཙུགས་ནུག།
དེ་ཡང་ རྫོང་ཁག་ཚོགས་འདུ་ཐེངས་༥ པ་འཚོགས་པའི་སྐབས་ སྨད་ཚོ་རྒཔོ་མགོན་པོ་གིས་ ཞུ་མིའི་ནང་ མ་གཞི་ ས་གནས་གཞུང་གི་ བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལཝ་ད་ རྒེད་འོག་ཚུ་ནང་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་ཚུ་ དགོས་མཁོ་ཡོདཔ་སྦེ་ ཨིན་མས་ཟེར་ཨིན་པས།
ས་གནས་གཞུང་གིས་ གྲོས་གཞི་བཙུགས་མི་དེ་ མི་སེར་ལུ་ ཁེ་ཕན་འབྱུང་ཐབས་དང་ འཆར་གཞི་༡༢ པའི་དོན་ལུ་ གཞུང་གིས་ མ་དངུལ་རྒྱ་ཆེཝ་སྦེ་ གནང་མི་ཚུ་ བཟོ་རིག་འགོ་དཔོན་དང་ རྩིས་འཛིན་པ་༢ མཉམ་རུབ་ཐོག་ལས་ ལས་རིམ་བཟོ་ནི་དང་ འཆར་གཞི་བརྩམ་ནིའི་ལཱ་ཚུ་ ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
བཙན་མཁར་རྒཔོ་ ཚེ་བརྟན་དབང་འདུས་ཀྱིས་ འདས་པའི་ཚོགས་རིམ་ཚུ་ནང་ རྩིས་འཛིན་པ་དང་ བཟོ་རིག་འགོ་དཔོན་ དགོཔ་སྦེ་ཞུ་བ་འབད་རུང་ གནང་ཐབས་མ་བྱུང་ཟེར་ཨིན་པས།
རྒེད་འོག་ནང་ འཆར་གཞི་གོང་འཕེལ་གྱི་ལཱ་ འཆར་དངུལ་ དངུལ་ཀྲམ་འབུམ་༤༠ འོག་རྒྱུའི་ རིན་བསྡུར་འབད་དགོཔ་ཡོདཔ་ལས་ ས་གནས་གཞུང་ནང་ ཤེས་ཚད་ལྡན་པའི་ རྩིས་འཛིན་པ་དང་ བཟོ་རིག་འགོ་དཔོན་མེད་མི་གིས་ གདོང་ལེན་བྱུང་བཞིན་དུ་ ཡོད་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ སྐལ་བཟང་ལྷུན་གྲུབ་ཀྱིས་ འབད་བ་ཅིན་ རྫོང་ཁག་བཟོ་རིག་ལས་ཚན་ནང་ལས་ བཟོ་རིག་འགོ་དཔོན་ཚུ་ གཏང་ནི་ཨིན་རུང་ རྒེད་འོག་ནང་ བཟོ་རིག་འགོ་དཔོན་གྱི་ ལཱ་ལང་པའི་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་མེདཔ་ལས་ བཟོ་རིག་འགོ་དཔོན་དེ་ དུས་ཚོད་མང་ཤོས་ཅིག་ ལཱ་མེད་པར་ ལུས་འོང་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་གི་ འཆར་གཞི་དང་ སྲིད་བྱུས་ལྟར་དུ་ འབད་བ་ཅིན་ བཟོ་རིག་འགོ་དཔོན་ཚུ་ རྒེད་འོག་ནང་ གཏང་ནི་མེན་པར་ རྫོང་ཁག་ནང་ ལས་ཚན་དང་ སྡེ་ཚན་ ག་དེ་མང་མང་ གཞི་བཙུགས་འབད་ཐོག་ལས་ ལག་ལེན་འཐབ་དགོཔ་སྦེ་ འདུག་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་དང་འཁྲིལཝ་ད་ ས་གནས་གཞུང་ལུ་ བདག་སྐྱོང་གི་ དབང་ཆ་ཡོད་རུང་ འཕྲུལ་རིག་གི་ དབང་ཆ་དེ་ རྫོང་ཁག་བདག་སྐྱོང་ལུ་ ཡོད་མི་དང་བསྟུན་ རྫོང་ཁག་ལས་ བརྒྱུད་དེ་འགྱོ་དགོ་ནི་དེ་གིས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་ཐོན་སྲིད་ཟེར་ཨིན་པས།
བཟོ་བཀོད་དང་ སྔོན་རྩིས་གཏོན་ནི་ཚུ་ག་ར་ རྫོང་ཁག་གི་ བཟོ་རིག་འགོ་དཔོན་དང་ གྲོས་བསྟུན་ཐོག་འབད་དགོཔ་ལས་ བཟོ་རིག་འགོ་དཔོན་གཏང་ནི་དེ་ དུམ་གྲ་ཅིག་ སྟབས་མ་བདེཝ་ཡོད་ཟེར་ སྐལ་བཟང་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
རྫོང་ཁག་རྩིས་འཛིན་པ་ ཉི་མ་གིས་ ཞུ་མི་དང་འཁྲིལཝ་ད་ རྒེད་འོག་རེའི་ནང་ རྩིས་འཛིན་པ་རེ་ བཏང་པ་ཅིན་ མི་སྟོབས་ལངམ་སྦེ་མེདཔ་ལས་ རྫོང་ཁག་ལྟེ་བའི་ལཱ་ཚུ་ ཐོགས་ལུས་ནི་དང་ འཆར་དངུལ་གྱི་ རྩིས་ཁྲ་གཏོན་ནི་ཚུ་ རྒེད་འོག་ལུ་ དབང་ཚད་མེདཔ་ལས་ མི་སེར་གྱི་ཞབས་ཏོག་ ཚུལ་ལྡན་ ཞུ་མི་ཚུགས་ཟེར་ཨིན་པས།
གྲོས་བསྡུར་ཡུན་རིང་འབད་བའི་ཤུལ་ལུ་ རྫོང་ཁག་ཚོགས་འདུ་གིས་ ལམ་ལུགས་འདི་ ཧེ་མ་བཟུམ་སྦེ་ རང་འཇགས་བཞག་ནི་ལུ་ གྲོས་ཆོད་བཏོན་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ཐེངས་༥ པ་དེ་ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ འཚོགས་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *