༉ རྒེད་འོག་བདག་སྐྱོང་གི་ ལཱ་གི་ཐད་ཁར་ལྟཝ་ད་ རྒྱལ་ཁབ་ནང་ ད་ལྟོ་ཡོད་མི་ རྒེད་འོག་གི་གྱངས་ཁ་དེ་ མར་ཕབ་རྐྱབ་པ་ཅིན་ དྲག་ནི་བཟུམ་ཅིག་འདུག།
དེ་ཡང་ སྤྱི་ལོ་༡༩༨༠ གྱ་གྲངས་ཀྱི་སྔ་ཆ་ལུ་ དབང་ཚད་ཕྱིར་སྤེལ་འགོ་བཙུགས་པའི་སྐབས་ འབྲུག་པའི་མི་སྡེ་ཚུ་ གངས་དང་བྱག་ རྩུབ་དྲགས་སྦེ་ཡོད་མི་ཚུ་ལུ་བརྟེན་ གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་མ་ཚུགས་པར་ སོ་སོར་སྦེ་ སྡོད་དགོཔ་བྱུང་ནུག།
རྒྱུ་མཚན་འདི་ལུ་བརྟེན་ ང་བཅས་ར་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ བཟོ་དགོཔ་ཐོན་ནུག།
ཨིན་རུང་ ད་རེས་འབདཝ་ད་ རྫོང་ཁག་ཚུ་ནང་ འཁོར་ལམ་གྱི་མཐུད་སྦྲེལ་ ཡར་སེང་སོང་མི་ལུ་བརྟེན་ ཧེ་མ་དང་ཕྱདཔ་ད་ མི་སྡེ་ཚུ་ ཐག་ཉེ་སར་ འབག་འོང་ཚུགས་ནི་དེ་གིས་ རྒེད་འོག་ཉུང་སུ་ཅིག་སྦེ་བཟོ་བ་ཅིན་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་ལུ་ བྱ་སྟབས་བདེ་ནི་ཨིན་མས།
མཐུན་རྐྱེན་ཚུ་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་ནི་དང་ བདག་སྐྱོང་ལམ་ལུགས་ཚུ་ སྒྲིང་སྒྲི་སྦེ་བཟོ་བ་ཅིན་ ད་ལྟོ་བཟུམ་སྦེ་མེན་པར་ རྒྱལ་ཁབ་ནང་འཁོད་ཀྱི་ ལུང་ཕྱོགས་ཚུ་ ཚད་འཛིན་ཐོག་ གཙོ་རིམ་བཟུང་ཚུགས་ནིའི་ གོ་སྐབས་འདུག།
ད་རེས་ནངས་པར་ ལྗོན་ཐངས་ཅན་གྱི་ བདག་སྐྱོང་གཞི་བཀོད་དང་གཅིག་ཁར་ ཕན་ནུས་ཅན་གྱི་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ དམིགས་གཏད་བཟུང་དགོཔ་དེ་ གལ་ཆེ་བས།
རྒེད་འོག་གི་གྱངས་ཁ་ འོས་འབབ་དང་ལྡནམ་སྦེ་ མར་ཕབ་རྐྱབ་ནིའི་དོན་ལུ་ གཞི་བཙུགས་འབད་མི་ ལས་བྱེད་ཚོགས་ཆུང་གིས་ རྫོང་ཁག་༡༦ ནང་གི་ རྒེད་འོག་བསྡོམས་༥༤ དེ་ཅིག་ མར་ཕབ་རྐྱབ་དགོ་པའི་ ངོས་འཛིན་འབད་ནུག།
ལས་བྱེད་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ཚུ་ གལ་སྲིད་ལག་ལེན་འཐབ་པ་ཅིན་ ད་ལྟོའི་ རྒེད་འོག་དང་ རྫོང་ཁག་གི་ས་མཚམས་ཚུ་ བསྒྱུར་བཅོས་འབད་དགོཔ་མ་ཚད་ བཙག་འཐུའི་འདེམས་ཁོངས་ཚུ་ཡང་ སྤོ་བཤུད་འབད་དགོཔ་ འཐོན་ནི་ཨིན་མས།
ཨིན་རུང་ དཀའ་ངལ་དེ་ སེལ་ཐབས་འབད་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འོས་འབབ་དང་ལྡན་པའི་ བཅད་མཚམས་བཟོ་ནི་དེ་ ཁོང་རའི་ འགན་ཁུར་ཨིནམ་ལས་ ཚ་གྱང་ལང་དགོཔ་མིན་འདུག།
དེ་བཟུམ་སྦེ་ རྫོང་ཁག་བདག་སྐྱོང་གིས་འབད་རུང་ ཁོང་རའི་ བདག་སྐྱོང་ཁྱབ་དབང་ཚུ་ གསརཔ་བཟོ་ནིའི་དོན་ལུ་ དུས་མཐུན་ལག་ལེན་འཐབ་དགོཔ་སྦེ་ མཐོངམ་ཨིན་མས།
དེ་འབདཝ་ད་ སྤྱི་ཚོགས་ལས་ རྒྱབ་སྣོན་ཆ་འཇོག་མེད་པར་ ལུང་ཕྱོགས་དང་ རྒྱལ་ཁབ་ཀྱི་ས་མཚམས་ཚུ་ ཐད་ཀར་དུ་ བསྒྱུར་བཅོས་འབད་ནི་དེ་ཡང་ བསམ་ཞིབ་འབད་དགོཔ་འདུག།
ལས་བྱེད་ཚོགས་ཆུང་གིས་ཕུལ་མི་ གྲོས་འདེབས་ཚུ་ ཤུལ་མའི་ཚོགས་ཐེངས་ནང་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གི་བར་ན་ རྩོད་འགྲན་འབད་དགོཔ་ འཐོན་ནི་ཨིནམ་ལས་ རང་སོའི་བསམ་འཆར་དང་ ཐབས་བྱུས་ཚུ་ བཏོན་ཚུགས་ནི་ཨིན་རུང་ གཙོ་བོ་རྒྱལ་ཁབ་ཀྱི་མཐའ་དོན་ སེམས་ཁར་བཞག་དགོཔ་ གལ་ཆེ།
བདག་སྐྱོང་སྡེ་ཕྲན་ ཆུང་ཀུ་ཚུ་གི་ ལྗོན་ཐངས་ཅན་གྱི་ འཛིན་སྐྱོང་དོན་ལུ་ རྒེད་འོག་ཚུ་ ངེས་པར་དུ་ ལོག་རིམ་སྒྲིག་འབད་དགོཔ་བཞིན་དུ་ ས་གནས་གཞུང་ཚུ་ རྩ་བརྟན་བཟོ་མི་དེ་གིས་ རྒྱལ་ཁབ་དང་ མི་སེར་མཐའ་དོན་ཚུ་ ལེགས་ཤོམ་སྦེ་འགྲུབ་ཚུགས།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …