རྒེད་འོག་༣ ནང་ གློག་མེའི་ཀཝ་མེད་མི་ལུ་བརྟེན་ གློག་མེའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་དང་ ཕུན་ཚོགས་ཐང་ དེ་ལས་ བསམ་རང་རྒེད་འོག་༣ ནང་ ཁྱིམ་གསརཔ་རྐྱབ་མི་ཚུ་ནང་ གློག་མེའི་ཀཝ་མེད་མི་ལུ་བརྟེན་ གློག་མེའི་མཐུན་རྐྱེན་མ་ཐོབ་པའི་ དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
དེ་ཡང་ མར་ཚ་ལ་རྒེད་འོག་ནང་ ཁྱིམ་གུང་༥ དང་ ཕུན་ཚོགས་ཐང་ལུ་ གུང་པ་༢༠ དེ་ལས་ བསམ་རང་རྒེད་འོག་ནང་ གུང་པ་༦ དེ་ཅིག་ ཁྱིམ་གསརཔ་རྐྱབ་སྟེ་ ཟླ་ངོ་༡ དང་ ལ་ལོ་ཅིག་ ལོ་ལང་སོང་རུང་ གྲོང་གསེབ་གློག་མེ་མཐུན་རྐྱེན་ཚུ་ མ་ཐོབ་པར་ དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
བསམ་རང་རྒེད་འོག་གི་ སོ་ནམ་པ་ ཨེམ་བི་ གུ་རུང་གིས་ སླབ་མིའི་ནང་ མ་གཞི་ གྲོང་གསེབ་གློག་མེ་ལམ་ལུགས་དང་འཁྲིལཝ་ད་ གཡུས་སྒོ་ནང་ལས་ཕར་ ཁྱིམ་གསརཔ་རྐྱབ་ཚར་བའི་ཤུལ་ལུ་ གློག་མེ་ཀཝ་འཐོབ་དགོཔ་ཅིག་ཨིན་རུང་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཁོ་གིས་ ཁྱིམ་གསརཔ་རྐྱབ་ཚར་ཏེ་ ད་རེས་འབདཝ་ད་ ཟླཝ་༥ དེ་ཅིག་ ལང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེའི་ཐོག་ལུ་ བསམ་གྲུབ་ཆོས་གླིང་ལུ་ཡོད་པའི་ འབྲུག་གློག་མེ་ལས་འཛིན་གྱི་ ལུང་ཕྱོགས་གློག་མེ་ཡན་ལག་ཡིག་ཚང་དང་ རྒེད་འོག་བདག་སྐྱོང་ལུ་ གློག་མེའི་ཀཝ་ཚུ་ བཙུགས་ནིའི་སྐོར་ལས་ སྙན་ཞུ་འབད་རུང་ འགོ་དཔོན་ཚུ་གིས་ གློག་མེའི་ཀཝ་ མ་ལང་པའི་དཀའ་ངལ་ལུ་བརྟེན་ གློག་མེ་བཀྲམ་སྤེལ་མ་འབད་ཟེར་ ཨེམ་བི་ གུ་རུང་གིས་ བཤདཔ་ཨིན་པས།
ད་རེས་ མི་སེར་མང་ཤོས་ར་ གནས་སྐབས་ཅིག་ གྲོང་གསེབ་གློག་མེ་སྤྱོད་འཐུས་ཀྱི་ ལམ་ལུགས་མེན་པར་ ཚོང་འབྲེལ་གྱི་ གློག་མེ་སྤྱོད་འཐུས་ཐོག་ལུ་ གློག་མེའི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ ཟླཝ་རེ་ནང་ སྤྱོད་འཐུས་དངུལ་ཀྲམ་༡,༠༠༠ དེ་རེ་ འོང་མི་ལུ་བརྟེན་ མི་སེར་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
མ་གཞི་ གྲོང་གསེབ་ཀྱི་ མི་སེར་ཚུ་ལུ་ གཞུང་གིས་ སྐྱིད་སྡུག་བཟུམ་ཅིག་སྦེ་ གློག་མེ་ཡུ་ནིཊ་༡༠༠ རིན་མེད་སྟོང་པར་སྦེ་ བྱིན་ཏེ་ཡོད་རུང་ ད་རེས་ ཐོབ་མ་ཚུགས་ཟེར་ཨིནམ་ད་ ཚོང་འབྲེལ་གློག་མེ་སྤྱོད་འཐུས་ཁྲལ་ ཡུ་ནེཊ་རེ་ལུ་ དངུལ་ཀྲམ་༣ དེ་རེ་ བཏབ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ མར་ཚ་ལ་རྒཔོ་ སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ རྒེད་འོག་ཡར་རྒྱས་ཚོགས་སྡེ་ལུ་ གྲོས་བསྡུར་འབད་བའི་སྐབས་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ གློག་མེའི་ཀཝ་ཚུ་ འཕྲལ་མགྱོགས་ར་ བགོ་བཀྲམ་འབད་དེ་ མཐུན་རྐྱེན་ཚུ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ གནད་དོན་དེ་ རྫོང་ཁག་ཚོགས་འདུ་ནང་ མ་བཙུགས་ཟེར་ཨིན་པས།
ད་རེས་ རྒེད་འོག་ནང་ ཁྱིམ་གསརཔ་རྐྱབ་མི་ གུང་པ་༥ ཡོདཔ་བཞིན་དུ་ མི་སེར་ལ་ལོ་ཅིག་ གློག་མེ་ཚུ་ ཁྱིམ་ཚང་ཚུ་ལས་ མཐུན་སྦྲེལ་འབད་ཐོག་ལས་ སྤྱོད་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གློག་མེའི་མཐུན་རྐྱེན་དེ་ ད་རེས་ཀྱི་ ཟླཝ་མཇུག་ཁམས་ལུ་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དབྱངས་རྒྱལ་མཚན་གྱིས་ བཤད་མིའི་ནང་ ཁོ་གི་རྒེད་འོག་ནང་ གུང་པ་༢༠ དེ་ཅིག་ཡོདཔ་ལས་ ཁྱིམ་ལ་ལོ་ཅིག་ ལོ་༡ ལང་རུང་ གློག་མེ་ཐོབ་མ་ཚུགས་པས་ཟེར་ཨིནམ་ད་ ཁོང་གིས་ གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབདཝ་ད་ ལས་འཛིན་ཡིག་ཚང་ལྟེ་བ་ལུ་ ཀཝ་༥༠ དེ་ཅིག་ ཞུ་བ་འབད་དེ་ཡོད་ཟེར་ སླབ་དེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་གི་ ཁྱིམ་ལ་ལོ་ཅིག་ འབྲེལ་ཡོད་ཡིག་ཚང་ལས་ གནང་བ་མེད་པར་ རྐྱབ་སྟེ་ཡོདཔ་ལས་ ཁོང་གིས་ ག་དེ་སྦེ་ གློག་མེ་ཐོབ་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་གློག་མེ་ལས་འཛིན་གྱི་མདོ་ཆེན་ བེས་རཱཇ་ བུ་ཇཱལ་གྱིས་ སླབ་མིའི་ནང་ རྫོང་ཁག་ཚུ་ནང་ ད་རེས་ནངས་པར་ གློག་མེ་མེད་ས་ལས་ཕར་ གློག་མེའི་མཐུན་རྐྱེན་ཚུ་ བཀྲམ་སྤེལ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒེད་འོག་ཚུ་ནང་ ད་རེས་ གློག་མེ་གི་ ལཱ་ཚུ་དབྱེ་རིམ་སྦེ་ འབད་དོ་ཡོདཔ་ལས་ རྫོང་ཁག་དེ་ནང་ གློག་མེ་མེད་པའི་ ཁྱིམ་གུང་ཚུ་ནང་ དུས་ཅི་གི་ནང་འཁོད་ལུ་ར་ མཇུག་བསྡུ་གཏང་ནི་ལུ་ རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *