རྒེད་དྲུང་ཆོས་ཉིད་དབང་མོ།

རྒེད་དྲུང་དགོངས་ཞུ་བཏང་མི་གིས་ གདོང་ལེན་འབྱུང་ནི་ཨིནམ།

༉ ས་གནས་གཞུང་གི་ ཡིག་ཚང་ནང་ རྒཔོ་གི་ཕྱག་ལྟག་གཡསཔ་བཟུམ་ཅིག་སྦེ་ འགན་ཁུར་འབག་སྟེ་ ལཱ་འབད་མི་ རྒེད་དྲུང་ཚུ་ ད་ལྟོ་ རྒེད་འོག་ཡིག་ཚང་ནང་ ལཱ་འབད་བཞིན་དུ་ཡོད་རུང་ ད་ལས་ཕར་ དགོངས་ཞུ་འབད་དགོཔ་སྦེ་ རྫོང་ཁག་བདག་སྐྱོང་ལས་ བཀའ་རྒྱ་ལྷོད་ཡོདཔ་ཨིན་པས།
ཨིན་རུང་ ལྷུན་རྩེ་རྫོང་ཁག་ནང་བཟུམ་ཅིག་འབད་བ་ཅིན་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ གཞུང་གིས་ རྒེད་དྲུང་གི་ཚབ་ མ་བཏང་ཚུན་ ད་ལྟོའི་རྒེད་དྲུང་ཚུ་ དགོངས་ཞུ་ མི་བཏང་ནི་སྦེ་ གྲོས་ཆོད་བཏོན་ནུག།
སྤྱི་ཟླ་༡༢ པའི་ཚེས་༧ ལུ་ རྫོང་ཁག་ཚོགས་འདུ་ནང་ བཙན་མཁར་དང་ མཁོ་མང་རྒེད་འོག་༢ ཀྱི་ རྒེད་དྲུང་ཚུ་ སྔར་ག་ཨིནམ་སྦེ་ བཞག་ནིའི་དོན་ལུ་ གྲོས་གཞི་བཙུགས་ཏེ་ གྲོས་བསྟུན་འབད་ཐོག་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལཝ་ད་ ལྷན་རྒྱས་གཞུང་ཚོགས་ཀྱི་ གྲོས་ཆོད་ལྟར་ རྒེད་འོག་༡༥༢ ཀྱི་ རྒེད་དྲུང་ཚུ་གི་ གནས་ཡུན་དེ་ སྤྱི་ལོ་༢༠༡༧ ཟླ་༣ པའི་ཚེས་༧ ལས་ སྤྱི་ལོ་༢༠༡༩ ཟླ་༣ པའི་ཚེས་༦ ཚུན་ ལོ་ངོ་༢ ཀྱི་རིང་ ཡར་སེང་གནང་ཡོདཔ་ལས་ གནས་ཡུན་ཚང་ཞིནམ་ལས་ འགན་གྲོལ་བཏང་དགོཔ་སྦེ་ཨིན་པས།
མཁོ་མང་རྒཔོ་ སྲིད་ཐར་ཚེ་རིང་གིས་ སླབ་མིའི་ནང་ ས་གནས་གཞུང་གི་ སྒྲིག་གཞི་༢༠༡༢ ཅན་མའི་ནང་ རྒེད་དྲུང་ཚུ་ སློབ་རིམ་༡༢ པའི་ ཤེས་ཚད་ཡོད་པ་ཅིན་ ལཱ་གཡོག་སྤྲོད་ནིའི་དབང་ཚད་དེ་ རྒེད་འོག་ཚོགས་སྡེ་ལུ་ཡོད་ཟེར་ འཁོད་མི་དང་འཁྲིལ་ མཁོ་མང་རྒེད་འོག་གི་ རྒེད་དྲུང་ལུ་ ཁྱད་ཆོས་ཚང་ཡོདཔ་ལས་ རང་འཇགས་བཞག་ནི་སྦེ་ ཨིན་ཟེར་ཨིན་པས།
བཙན་མཁར་རྒཔོ་ ཚེ་བརྟན་དབང་འདུས་ཀྱིས་ འབད་བ་ཅིན་ རྒེད་འོག་ནང་ འགན་ཁུར་འབག་མི་ གཙོ་བོ་ཅིག་ རྒེད་དྲུང་ཨིན་རུང་ གཞུང་ལུ་ མཁན་གསལ་མ་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པས།
ས་གནས་གཞུང་དེ་ མི་སེར་ལུ་ ཁེ་ཕན་ཅན་ཅིག་ཨིནམ་མ་ཚད་ མི་སེར་གྱི་ ཞབས་ཏོག་སྒྲུབ་དགོ་པ་ཅིན་ རྒེད་འོག་བདག་སྐྱོང་ནང་ མི་སྟོབས་ལངམ་དགོཔ་ ཁག་ཆེ་ཟེར་ཨིན་པས།
སྨད་མཚོ་རྒཔོ་ མགོན་པོ་གིས་ རྒེད་དྲུང་དགོངས་ཞུ་བཏང་སྟེ་ ཟླཝ་༢ སོང་ཡོདཔ་ལས་ ད་ལྟོ་ མི་སེར་ལུ་ གདོང་ལེན་སྦོམ་བྱུང་སྟེ་ ཡོད་ཟེར་ཨིན་པས།
སྤྱིར་བཏང་ མི་སེར་ལུ་ཞབས་ཏོག་དེ་ ཁྱིམ་སྒོ་ཁ་ཚུན་ བྱིན་ནི་ཟེར་ཡོད་རུང་ ལག་ལེན་ངོ་མ་ནང་ལྷོདཔ་ད་ ཞབས་ཏོག་སྤྲོད་ནི་ཕར་བཞག་ རྒེད་འོག་ལྟེ་བ་ལས་ཡང་ ཞབས་ཏོག་སྤྲོད་མ་ཚུགས་པའི་ གདོང་ལེན་ཐོན་མི་གིས་ ཁ་དང་ལགཔ་གཉིས་ རྟགས་མི་མཐུན་མས་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ རྒྱ་རས་རྒཔོ་ ཀུན་བཟང་མི་འགྱུར་གྱིས་ རྫོང་ཁག་༢༠ ཀྱི་ རྒེད་འོག་༢༠༥ ནང་ ཡོད་པའི་རྒེད་དྲུང་ཚུ་ སྤྱི་ཟླ་༢༠༡༩ པའི་ ཟླ་༣ པ་ལས་ དགོངས་ཞུ་བཏང་པ་ཅིན་ གདོང་ལེན་སྦོམ་ར་བྱུང་འོང་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ ཆོས་ཉིད་དབང་མོ་གིས་ སླབ་མིའི་ནང་ རྒེད་དྲུང་སྦེ་ ལོ་༧ གྱི་རིང་ ལཱ་འབད་བའི་ཤུལ་ སྤྱི་ལོ་༢༠༡༩ ཟླ་༣ པའི་ཚེས་༦ ལས་ དགོངས་ཞུ་འབད་དགོཔ་སྦེ་ རྫོང་ཁག་མི་སྟོབས་སྡེ་ཚན་ལས་ བཀའ་རྒྱ་ལྷོད་དེ་ ཡོད་ཟེར་ཨིན་པས།
གལ་སྲིད་ བཀའ་རྒྱ་ལྟར་དགོངས་ཞུ་འབད་བ་ཅིན་ དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་ལེན་ཡོདཔ་ལས་ སྐྱིན་ཚབ་བཏབ་ནི་ལུ་ ཚ་གྱང་ལང་དོ་ཟེར་ཨིན་པས།
བཀུར་སྟོད་རྒེད་འོག་གི་ རྒེད་དྲུང་ ཚེ་བརྟན་ལྷ་མོ་གིས་ སྤྱི་ལོ་༢༠༡༡ ལུ་ སེམས་རྟོགས་ཁ་སྐད་ ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༤ ལུ་ རྒེད་དྲུང་སྦེ་ ལཱ་འབད་ཡི་ ཟེར་ཨིན་པས།
རྒེད་འོག་ནང་སྡོད་རིང་ ཉིན་བསྟར་བཞིན་དུ་ མི་རྩིས་དང་ ས་ཁྲལ་ དགུང་ཁྲལ་ མི་ཁྲལ་བསྡུ་ལེན་ ཡིག་རིགས་བཟོ་ནི་ ས་ཁྲམ་སྤོ་སོར་ ནང་ཁ་ནང་འགྲིགས་ འགན་རྒྱ་ཡི་གུ་འབྲི་ནི་ དེ་ལས་ ཚེ་སྲོག་ཉོན་བཅོལ་གྱི་ ལཱ་ཚུ་འབད་དགོ་ཟེར་ཨིན་པས།
ལྷག་པར་དུ་ རྒཔོ་དང་ དམངས་མི་ དེ་ལས་ བདག་སྐྱོང་འགོ་དཔོན་མེད་པའི་སྐབས་ ཁོང་གི་ཚབ་སྦེ་ འགན་ཁུར་འབག་སྟེ་ ལཱ་འབད་དགོ་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ ལམ་ལུགས་ལྟར་ བསྟར་སྤྱོད་འབད་བ་ཅིན་ རྒེད་འོག་༢༠༥ གི་ རྒེད་དྲུང་༢༠༥ ལུ་ ལཱ་གཡོག་མེདཔ་འགྱོ་ནི་ཨིནམ་ལས་ ཐབས་ལམ་སྒྲིག་དགོཔ་འདུག་ཟེར་ རྒེད་དྲུང་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
རྒེད་དྲུང་ལ་ལོ་ཅིག་གིས་ རྒེད་དྲུང་ཚུ་ རང་འཇགས་བཞག་གནང་དགོ་པའི་ ཞུ་ཡིག་ཚུ་ བཙུགས་ཡོདཔ་ཨིན་པས།
ཞི་གཡོག་ལྷན་ཚོགས་དང་འཁྲིལ་བ་ཅིན་ རྒེད་དྲུང་ཚུ་ ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ཚུད་དེ་མེདཔ་ལས་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ བལྟ་དགོཔ་སྦེ་ ཡོད་མི་དང་བསྟུན་ ལྷན་ཁག་གིས་ སྤྱི་ལོ་༢༠༡༧ ལུ་ རྫོང་ཁག་༢༠ ནང་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *