༉ སྤྱི་ལོ་༢༠༠༠ ལུ་ ཐིམ་ཕུག་བར་སྦིས་ས་ལུ་ གཞུང་ས་ཌིསི་༥༠ དེ་ ཚུལ་མིན་བདག་བཟུང་དང་ གཡོ་སྒྱུ་ལག་ལེན་ དེ་ལས་ མགུ་མཐུད་ཐོག་ལས་ ཉོ་བཙོང་འཐབ་མིའི་ནང་ འབྲེལ་གནད་ཡོད་མི་ལུ་བརྟེན་ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་གནག་ཀུ་དང་ སའི་ཇོ་བདག་ དེ་ལས་ ས་ཆ་ཐོ་བཀོད་འགོ་དཔོན་༢ ལུ་ ཉེས་འཛུགས་ཐོག་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཤེར་ཡིག་ཕུལ་ཡི།
སྤྱི་ལོ་༡༩༦༧ གྱི་ ཕྱག་བཞག་ཁྲམ་ ཡང་ཅིན་ རྒྱལ་ཡོངས་ས་ཁྲམ་དང་འཁྲིལཝ་ད་ རྩོད་ཟླ་དབྱངས་ཅན་སྒྲོལ་མའི་ ཚེ་འདས་ཨའི་བསོད་ནམས་ཆོས་སྒྲོན་གྱི་ མིང་ཐོ་ཁར་ ཐིམ་ཕུག་བརཔ་ལྷ་ཁང་གི་ ཉེ་འདབས་ལུ་ ས་ཆ་ཌིསི་༥ ནང་ ཨེ་པཱལ་ཤིང་ཚུ་ ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༩ དང་༢༠༠༠ གི་བར་ན་ རྒཔོ་བགྲེསཔ་གནག་ཀུ་གིས་ ས་འཇལ་དང་ ས་ཁྲམ་ལས་ཁུངས་ཀྱི་ འགོ་དཔོན་བགྲེསཔ་ པདྨ་དབང་འདུས་དང་ ཀུན་བཟང་བསྟན་འཛིན་༢ དང་གཅིག་ཁར་ མགུ་མཐུད་དེ་ ཚེ་འདས་བསོད་ནམས་ཆོས་སྒྲོན་གྱི་ ས་ཌིསི་༥ གུ་ བརཔ་ལྷ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ གཞུང་ས་ཌིསི་༥༠ ཐེབས་ བཙུགས་ཐོག་ལས་ དིལ་མ་ཡ་ཤར་མ་དང་ ཀ་པིལ་མ་ནི་ ཤར་མ་ལུ་ བཙོང་ནུག་ཟེར་ ཉེས་འཛུགས་བཀལ་ནུག།
སྤྱི་ལོ་༢༠༠༠ ལུ་ ས་ཁྲམ་གསརཔ་བསྡུ་སྒྲིག་འབད་བའི་སྐབས་ པདྨ་དབང་འདུས་དང་ སྐལ་བཟང་བསྟན་འཛིན་༢ ཀྱིས་ ཕྱག་བཞག་ཁྲམ་ནང་ སྐྱོན་ཞུགས་ཐོག་ ཧེ་མ་ ས་ཆ་ཌིསི་༥ ཡོད་མི་དེ་ ཌིསི་༥༥ ལུ་ ཡར་སེང་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ གནག་ཀུ་གིས་ ས་ཆ་དེ་ ཀ་པིལ་ཤར་མ་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༠.༨༢༥ སྦེ་ བཙོང་ཡོདཔ་བཞིན་དུ་ ཁོ་གིས་ ཁེ་སང་དངུལ་ཀྲམ་ས་ཡ་༠.༤༢༥ ཐོབ་ནུག་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒཔོ་བགྲེསཔ་གནག་ཀུ་ལུ་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ ཁོ་གིས་ སྤྱི་ལོ་༢༠༠༠ ཟླ་༨ པའི་ནང་ ཚེ་འདས་བསོད་ནམས་ཆོས་སྒྲོན་དང་ དིལ་མ་ཡ་ཤར་མ་༢ ཀྱི་བར་ན་ གན་རྒྱ་རྫུས་མ་བཟོ་ཡོད་མི་དེ་ནང་ བསོད་ནམས་ཆོས་སྒྲོན་གྱི་ ཁྲམ་ཨང་༣༠༠ ཅན་མའི་ནང་ སའི་དབྱེ་བ་ ཨེ་པཱལ་ཞིང་ཌིསི་༥༥ ཡོད་མི་དེ་ དིལ་མ་ཡ་ཤར་མ་ལུ་ རིན་མེད་སྟོང་པར་ བྱིནམ་ཨིན་ཟེར་ གཡོ་འཕྲུལ་ཅན་གྱི་ གན་རྒྱ་བཟོ་ཡོདཔ་མ་ཚད་ ས་ཆ་ལེན་མིའི་ཧོངས་ལས་ རྒྱབ་མི་སྦེ་ཡང་ ས་ཡིག་རྐྱབ་སྟེ་ མགུ་སྐོར་རྐྱབ་ནུག་ཟེར་ཨིན་པས།
རིན་མེད་སྟོང་པར་ བྱིན་མི་དེ་ཡང་ དབྱངས་ཅང་ལྷ་མོའི་བུམོ་དེ་ སློབ་གྲྭ་ནང་ སྡོད་པའི་སྐབས་ལུ་ དིལ་མ་ཡ་ཤར་མ་གིས་ བདག་འཛིན་འབད་ཡོད་པའི་ དགའ་ཚོར་ལུ་ཨིནམ་སྦེ་ གན་རྒྱ་ནང་ བཀོད་ཡོདཔ་ད་ སྤྱི་ལོ་༢༠༠༠ ཟླ་༡༢ པའི་ནང་ ཐིམ་ཕུག་ཁྲིམས་འདུན་གྱིས་ ས་ཆ་དེ་ དིལ་མ་ཡ་ཤར་མའི་ མིང་ཐོ་ལུ་ སྤོ་སོར་འབད་ཡོད་པའི་ འཁྲུན་ཆོད་ཅིག་ཡང་ བཏོན་ནུག་ཟེར་ཨིན་པས།
གནག་ཀུ་གིས་ ཁྲིམས་འདུན་ལུ་ བསོད་ནམས་ཆོས་སྒྲོན་གྱི་ ས་ཁྲམ་ཨང་༣༠༠ ནང་ ཨེ་པཱལ་ཞིང་ཌིསི་༥༥ ཡོདཔ་སྦེ་ ངོ་སྦྱོར་འབད་ཡོདཔ་ཨིན་རུང་ འཁྲུན་ཆོད་དེ་ ས་ཁྲམ་དུས་མཐུན་བཟོ་ནིའི་དོན་ལུ་ ས་ཁྲམ་ལས་ཁུངས་ལུ་བཏངམ་ད་ འགོ་དཔོན་ཚུ་གིས་ ས་ཆའི་རྒྱ་ཚད་ བསྒྱུར་བཅོས་སོང་ཡོད་པའི་ མངོན་གསལ་བྱུང་ནུག།
དབྱངས་ཅན་སྒྲོལ་མ་གིས་ གནག་ཀུ་དང་གཅིག་ཁར་ མགུ་མཐུད་དེ་ གན་རྒྱ་དང་ ཞུ་ཚིག་གུ་ མིང་རྟགས་བཀོད་མི་ལུ་བརྟེན་ མོ་ལུ་ ཉེས་འཛུགས་ཁག་༢ བཀལ་ཡོདཔ་ཨིན་པས།
བསོད་ནམས་ཆོས་སྒྲོན་དང་ དིལ་མ་ཡ་ཤར་མ་༢ ཀྱི་བར་ན་ ས་ཆ་ཉོ་བཙོང་འཐབ་པའི་སྐབས་ གན་རྒྱ་ནང་ བློ་བཟང་མགོན་པོ་གིས་ བསོད་ནམས་ཆོས་སྒྲོན་གྱི་ རྒྱབ་མི་སྦེ་ ལག་ཐི་རྐྱབ་པའི་ཁར་ ས་ཆ་ཉོ་བཙོང་གི་ ཁྲམ་སྤོ་སོར་འབྲི་ཤོག་༢༠ པའི་ནང་ ལག་ཐི་རྐྱབ་པའི་ ཉེས་འཛུགས་བཀལ་ནུག།
པདྨ་དབང་འདུས་དེ་ དེ་བསྒང་ ལྕང་རྒེད་འོག་ནང་ ས་ཁྲམ་བསྡུ་སྒྲིག་འབད་བའི་སྐབས་ ལས་ཁུངས་ཀྱི་ འགོ་དཔོན་སྦེ་ ཕྱག་ཞུཝ་ད་ གནག་ཀུ་གིས་ སླབ་མི་དང་འཁྲིལ་ཏེ་ ཤེས་བཞིན་དུ་ར་ ཁྲམ་ཨང་༣༠༠ ནང་ ཨེ་པཱལ་ལྡུམ་ར་ཌིསི་༥ མ་གཏོགས་མེད་རུང་ ངན་གྲོགས་འབད་དེ་ གཞུང་ས་ཐེབས་ ཌིསི་༥༠ འཇལ་ཏེ་ གནག་ཀུ་དང་ དབྱངས་ཅན་སྒྲོལ་མ་༢ ལུ་ ཁེ་ཕན་ཡོདཔ་བཟོ་བྱིན་པའི་ ཉེས་འཛུགས་ཁག་༢ བཀལ་ནུག།
དེ་བསྒང་ ས་འཇལ་དང་ ས་ཁྲམ་ཡིག་ཚང་ནང་ ས་ཁྲམ་ལས་རོགསཔ་ཨིན་མི་ སྐལ་བཟང་བསྟན་འཛིན་གྱིས་ གཞུང་གི་ཕྱག་བཞག་ཁྲམ་རྫུས་མ་བཟོ་མི་དང་ གན་རྒྱ་རྫུས་མ་བཟོ་སྟེ་ ཁྲམ་སྤོ་སོར་གྱི་ འབྲི་ཤོག་༢༠ པའི་ནང་ མིང་རྟགས་བཀོད་ཡོདཔ་མ་ཚད་ གཞུང་ས་ཧམ་འཛུལ་དང་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་བཀལ་ནུག།
དེ་བཟུམ་སྦེ་ རྩོད་ཟླ་གནག་ཀུ་དེ་ ཧེ་མ་ ལྕང་རྒཔོ་སྦེ་ ཕྱག་ཞུ་བའི་འི་སྐབས་ གན་རྒྱ་དང་ ཁྲམ་སྤོ་སོར་གྱི་ ཞུ་ཚིག་གུ་ མིང་རྟགས་བཀོད་པའི་ཁར་ ཁྲིམས་ཀྱི་འདུན་སར་ ཞུ་ཡིག་རྫུས་མ་ཕུལ་ཏེ་ མགུ་སྐོར་རྐྱབ་པའི་ཁར་ གཞུང་ས་ཚུལ་མིན་བདག་བཟུང་ཐོག་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་ཚུ་བཀལ་ནུག།
ད་རེས་ཀྱི་ཟླཝ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒཔོ་བགྲེསཔ་ལུ་ ས་ཆ་དང་འབྲེལ་བའི་ རྩོད་གཞི་ཁག་༤ ཁྲིམས་ཀྱི་འདུན་སར་ བཙུགས་མི་ལས་༡ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།