རྒན་ཤོས་ཚུ་གིས་ རྒྱལ་ཁབ་དང་མི་སེར་ལུ་ ཕན་ཐོགས་མི་ཚོགས་པ་ཅིག་ བཙག་ འཐུ་འབད་ཚུགས་པའི་ རེ་སྨོན།

༉ ཕུན་ཚོགས་གླིང་ཟངས་མདོག་དཔལ་རི་ལྷ་ཁང་ སྐོར་ར་རྐྱབ་སྟེ་སྡོད་མི་ རྒན་ཤོས་མང་ཤོས་ར་ རང་སོའི་ཨ་ལོ་ཚུ་ ཕུན་ཚོགས་གླིང་ལུ་ གཞུང་དང་སྒེར་སྡེའི་ ཡིག་ཚང་ཚུ་ནང་ ལཱ་འབད་སྡོད་ནི་དེ་གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ཨིན་རུང་ ལ་ལོ་ཅིག་གིས་ རང་སོའི་གཡུས་ཁར་སོང་སྟེ་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནིའི་ གདམ་ཁ་རྐྱབ་སྟེ་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་བཙུགས་ནིའི་ཉིནམ་དེ་ མཛར་བཅུམ་བཟའ་ནིའི་ ཉིནམ་བཟུམ་སྦེ་ བརྩི་མཐོང་བསྐྱེདཔ་ཨིན་པས།

དར་ལ་ལས་ སྐྱེས་ལོ་༦༥ རང་མི་ དབང་དྲག་གིས་ སླབ་མིའི་ནང་ ཁོ་གིས་ གཡུས་ཁ་ལུ་ ཚོགས་རྒྱན་བཙུགས་པར་འགྱོ་ནིའི་དོན་ལས་ དུས་ཚོད་དང་ཟད་འགྲོ་ཚུ་ ཐེབས་གནས་དོ་ཡོདཔ་ཨིན་རུང་ དེ་ལུ་ར་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཙག་འཐུ་དེ་ ལོ་༥ འི་བར་ན་ ཚར་རེ་ལས་བརྒལ་མེདཔ་ལས་ དེ་བསྒང་ ཕམ་སྤུན་ཆ་དང་ ལྟ་ལྟོ་ཚང་ཚུ་དང་ འཕྱད་ནིའི་དུས་སྐབས་ཅིག་ཨིན་པའི་ཁར་ ག་ར་གཅིག་ཁར་འཛོམས་སྟེ་ བཞེས་སྒོ་བཟའ་ནིའི་གོ་སྐབས་ཅིག་ཨིན་ཟེར་ཨིན་པས།

ཚོགས་རྒྱན་གྱི་ཉིནམ་ལུ་ ཁོ་གིས་ ཉེ་ཚན་༦༠ དེ་ཅིག་ཡོད་མི་ཚུ་ རང་སོའི་ཁ་ཐུག་ལས་ བཞེས་སྒོ་ལྷམ་པ་མ་འདྲཝ་ཚུ་ འབག་འོང་སྟེ་ ཚོགས་རྒྱན་བཙུགས་ཞིནམ་ལས་ ག་ར་གཅིག་ཁར་འཛོམས་སྟེ་ བཞེས་སྒོ་བཟའ་དོ་ཡོདཔ་ཨིན་རུང་ རང་སོའི་ཚོགས་རྒྱན་དེ་ གསང་བཞགཔ་ཨིན་ཟེར་ཨིན་པས།

བོང་མགོ་རྒེད་འོག་ལས་ སྐྱེས་ལོ་༦༣ ལང་མི་ པ་སངས་འབྲུག་པ་དེ་ ཕུན་ཚོགས་གླིང་ལུ་ ཨ་ལོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་རུང་ གཟའ་སྤེན་པའི་ཚེ་ གཡུས་ཁ་ལུ་ ཚོགས་རྒྱན་བཙུགས་པར་ འགྱོ་ནིའི་དོན་ལས་ སག་ལང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱང་མཐོང་ནང་ གྲོས་བསྡུར་དང་རྩོད་བསྡུར་ཚུ་ ཨ་རྟག་ར་ལྟ་དོ་ཡོདཔ་ལས་ ཁོ་ར་ གསང་བའི་ཐོག་ལས་ ཚོགས་པ་དང་ འདེམས་ངོ་ཅིག་ གདམ་འཐུ་འབད་དེ་ཡོདཔ་ལས་ སྤྱི་ཚེས་༡༥ ལུ་ ཚོགས་རྒྱན་བཙུགས་ནིའི་ གྲ་སྒྲིག་ཡོད་ཟེར་ཨིན་པས།

དེ་མ་ཚད་ གཡུས་ཁར་འགྱོ་ཞིནམ་ལས་ ཚོགས་རྒྱན་བཙུགས་པའི་སྐབས་ གཡུས་ཁའི་མི་དང་ ཉེ་ཚན་ཚུ་ འཕྱད་ནིའི་དུས་སྐབས་དང་ བཞེས་སྒོ་འཛོམས་བཟའ་ནིའི་ དུས་ཚོད་ཅིག་ཨིན་ཟེར་ཨིན་པས།

ད་རེས་ནངས་པ་ མི་མང་ཤོས་ཀྱིས་ ཚོགས་རྒྱན་བཙུགས་ནི་དེ་ སྣང་མེད་སྐྱུར་ཏེ་བཞག་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་དང་ ཁྱད་ཚད་ལྡན་མི་ཚུ་ ཚོགས་རྒྱན་མ་བཙུགས་པ་ཅིན་ ཁྲིམས་མཐུན་གདང་ལེན་འབད་དགོཔ་འདུག་ཟེར་ པ་སངས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱ་གར་གྱི་མི་ འབྲུག་ལུ་ལཱ་འབད་མི་ཚུ་ ས་གནས་ག་སྟེ་ཨིན་རུང་ བཙག་འཐུའི་སྐབས་ རང་སོའི་ལཱ་རྒྱབ་ཁར་བཤོལ་བཞག་སྟེ་ ཚོགས་རྒྱན་བཙུགས་པར་འགྱོ་དོ་ཡོདཔ་ལས་ དེ་ལུ་ལྟཝ་ད་ བཙག་འཐུ་དེ་ ག་དེམ་ཅིག་ ཁག་ཆེ་དྲགས་ཨིན་ན་ ཤེས་ཚུགསཔ་ལས་ དཔེ་བལྟ་དགོཔ་འདུག་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུ་ བུམོ་དང་གཅིག་ཁར་སྡོད་མི་ དགེ་ལེགས་ཕུག་ལས་ སྐྱེས་ལོ་༦༩ ལང་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ད་རིས་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ དགེ་ལེགས་ཕུག་ལུ་ འགྱོ་དོ་ཟེར་ཨིནམ་ད་ ཚོགས་པ་དང་འདེམས་ངོ་ གཅིག་གི་སྐོར་ལས་ཡང་ མི་ཤེསཟེ་ར་ཨིནམ་ད་ མོ་རའི་བུམོ་དང་རྨགཔ་གི་ གདམ་ཁ་དང་འཁྲིལ་ཏེ་ ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ བཀྲིས་སྒང་ར་ལྡི་ལས་ཨིན་མི་ སྐྱེས་ལོ་༧༨ ལང་མི་ ཤེས་རབ་ལྷ་མོ་དེ་ བུམོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་རུང་ བུམོ་དེ་ལཱ་གཡོག་མེདཔ་ལས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ གོ་སྐབས་མ་འཐོབ་པའི་ཁར་ གཡུས་ཁ་འགྱོ་ནི་ལུ་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ཤི་ནི་རནམ་ད་ ཚོགས་རྒྱན་བཙུགས་སྟེ་ ག་ཅི་འབད་ནི་ཟེར་ སླབ་མི་ཡང་ཐོན་དོ་ཡོདཔ་ལས ཚོགས་རྒྱན་བཙུགས་པར་ འགྱོ་མི་ཚུགས་པས་ཟེར་ཨིན་པས།

པདྨ་དགའ་ཚལ་ལས་ སྐྱེས་ལོ་༧༨ ལང་མི་ ཡོངས་བ་གིས་ སླབ་མིའི་ནང་ ཁོ་ར་ དགེ་ལེགས་ཕུག་ལུ་ བུ་དང་གཅིག་ཁར་སྡོད་དོ་ཡོདཔ་ལས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ཐོ་བཀོད་འབད་དེ་རུང་ ལ་དྭགས་ལུ་ གནས་སྐོར་འགྱོ་ནིའི་དོན་ལས་ ཐིམ་ཕུག་ལུ་ ལམ་ཡིག་བཟོ་ནི་དང་ ཁ་ཐུག་རྐྱབ་ཡོདཔ་ལས་ ཚོགས་རྒྱན་བཙུགས་ནི་ འབྱིད་ཡར་སོཔ་ལས་ བློ་ཕམ་བྱུང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁོ་ར་ སྤྱིར་སྙོམས་འཛོམས་འདུ་དང་ རྩོད་བསྡུར་ག་ར་ནང་ བཅའ་མར་གཏོགས་ཡོདཔ་ལས་ ཚོགས་པ་དང་འདེམས་ངོ་ཚུ་ གདམ་འཐུ་འབད་ཡོདཔ་ཨིན་རུང་ ད་རེས་ གོ་སྐབས་འབྱིད་ཡོདཔ་ལས་ སྤྱིར་བཏང་བཙུག་འཐུ་ནང་ འཐུས་ཤོར་མེད་པར་ བཅའ་མར་གཏོགས་ནི་ཟེར་ཨིན་པས།

དེ་བཟུམ་སྦེ་ གོ་སྐབས་འབྱིད་ནིའི་ ཚ་གྱང་ཡོད་མི་ཅིག་ སྤ་རོ་ལས་ སྐྱེས་ལོ་༦༧ ལང་མི་ བློ་གྲོས་ཨིནམ་ད་ ཁོ་ར་ འཕྲལ་ཁམས་ཅིག་ཁར་ ཟངས་མདོག་དཔལ་རི་ལྷ་ཁང་ནང་ ལྟ་རྟོག་པའི་ལཱ་གཡོག་ ཆུང་ཀུ་ཅིག་ཐོབ་ཡོདཔ་ལས་ ཚོགས་རྒྱན་བཙུགས་པར་ ག་དེ་སྦེ་ འགྱོ་ཚུགས་ག་ཟེར་ཨིནམ་ད་ དེ་མིན་ སྤྱིར་བཏང་བཙག་འཐུ་ནང་ འགྱོ་ཚུགསཔ་སྦེ་ར་ འབད་ནི་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མ་གཞི་བཙག་འཐུ་ནང་ བཅའ་མར་གཏོགས་དགོཔ་དེ་ གལ་ཆེཝ་ཨིནམ་ཤེས་རུང་ གཡུས་ཁ་ལུ་ ས་གཞི་དང་ སྡོད་སའི་ཁྱིམ་མེདཔ་ལས་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ ལཱ་གཡོག་ལུ་བརྟེན་སྡོད་དགོཔ་ལས་ ཐབས་མིན་འདུག་ཟེར་ཨིན་པས།

ཟངས་མདོག་དཔལ་རི་ལྷ་ཁང་ སྐོར་ར་རྐྱབ་སྡོད་མི་ རྒན་ཤོས་ག་ར་གིས་ སླབ་མིའི་ནང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་མི་དང་ ཕྱག་ལེགས་ཤོམ་ཞུ་མི་ ཚོགས་པ་ཅིག་ བཙག་འཐུ་འབད་ཚུགས་པའི་ རེ་བ་དང་སྨོན་ལམ་གཏབ་དོ་ཟེར་ ཨིན་པའི་གནས་ཚུལ།

ཕུན་ཚོགས་གླིང་ལས་ ཉིམ་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *