ཕུཊ་བཱོལ་གྱི་ རྩེད་འགྲན་པ་ཚུ་གིས་ འགྲན་བསྡུར་གྱི་དོན་ལས་ སྦྱང་བ་འབད་བའི་བསྒང་།

རྒན་ཤོས་ཚུ་གི་ ཕུཊ་བཱོལ་རྩེད་འགྲན་ནང་ སྡེ་ཚན་༡༤ གིས་གྲལ་གཏོགས།

༉ ཁ་ཙ་ མོང་སྒར་ཕུཊ༌བཱོལ་རྩེད་ཐང་ནང་ རྒན་ཤོས་ཚུ་གི་ ཕུཊ་བཱོལ་འགྲན་བསྡུར་འབད་མིའི་ནང་ ལྷུན་རྩེ་ རྫོང་ཁག་ལས་ དེའུ་ཡུ་ནའེ་ཊཱེཊ་སྡེ་ཚན་གྱིས་ འབྲུག་གློག་མེ་སྡེ་ཚན་ལུ་ གཱོལ་༦ བཙུགས་ཏེ་ ཕམ་བཏང་ཡི།
དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་ བར་མཚམས་མ་ལེན་པའི་ཧེ་མར་ གཱོལ་༢ དང་ བར་མཚམས་ཀྱི་ཤུལ་ལས་ གཱོལ་༤ བཙུགས་ཡོདཔ་ད་ འབྲུག་གློག་མེ་སྡེ་ཚན་གྱིས་ ལྷུན་རྩེའི་སྡེ་ཚན་ལུ་ གཱོལ་༢ ལས་བརྒལ་ བཙུགས་མ་ ཚུགས།
འབྲུག་གློག་མེ་སྡེ་ཚན་ལས་ རྩེད་འགྲན་པ་ ཀརྨ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒྱལ་ཁ་འཐོབ་ནི་བ་ གཟུགས་ཁམས་འཕྲོད་བསྟེན་ བདག་འཛིན་འབད་ནི་དེ་ གལ་ཆེ་མི་ལུ་བརྟེན་ རྒན་ཤོས་ཀྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
རྩེད་འགྲན་པ་གཞན་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒན་ཤོས་ཀྱི་ཕུཊ༌བཱོལ་རྩེད་འགྲན་དེ་ ནམ་འགོ་འདྲེན་འཐབ་འོང་ག་ཟེར་ སག་ལང་སྟེ་ བསྒུགས་སྡོད་པའི་མཐའ་མར་ ད་རེས་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་ད་ སེམས་ལུ་དགའ་སྤྲོད་ཚད་མེད་བྱུང་ཡི་ཟེར་ཨིན་པས།
མ་གཞི་ ན་གཞོན་ཚུ་གི་ ཕུཊ་བཱོལ་རྩེད་འགྲན་དེ་ ལོ་རེའི་ནང་ ཚར་༣ ལྷགཔ་རེ་ འགོ་འདྲེན་འཐབ་མ་ཚད་ ལས་རིམ་གཞན་ཡང་ཡོདཔ་ལས་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་ལུ་ ཁེ་ཕན་བྱུང་ཡོད་རུང་ རྒན་ཤོས་ཚུ་གི་དོན་ལུ་ རྩེད་འགྲན་འགོ་འདྲེན་འཐབ་མི་ མེད་པའི་ཁར་ བཅའ་མར་གཏོགས་མི་དེ་ཡང་ ཉུང་སུ་ལས་ མིན་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ལས་རིམ་འགོ་འདྲེན་པ་ ཨ་ཤོག་གུ་རུང་གིས་ སླབ་མིའི་ནང་ རྒན་ཤོས་ཀྱི་ ཕུཊ་བཱོལ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒན་ཤོས་ཚུ་ ཡིག་ཚང་གི་ ལཱ་འབད་དེ་ དུས་ཚོད་ཚངམ་ད་ ལུས་སྦྱོང་ག་ནི་ཡང་ མེད་པར་ སྡོད་ནི་དེ་གིས་ གཟུགས་ཁམས་ལུ་ ནད་རིགས་མ་འདྲཝ་འཐོབ་ཉེན་ཡོད་མི་ལས་ བཀག་ཐབས་ལུ་ཨིན་ཟེར་ཨིན་པས།
རྒན་ཤོས་ཀྱི་ རྩེད་འགྲན་ནང་ སྡེ་ཚན་༡༤ གིས་ བཅའ་མར་གཏོགས་མི་ལས་ ལྷུན་རྩེའི་སྡེ་ཚན་༡ དང་ བཀྲིས་སྒང་ལས་ སྡེ་ཚན་༣ ཡོདཔ་ད་ སྡེ་ཚན་ཚུ་ཡང་ དབྱེ་ཁག་༤ སྦེ་ བཟོ་ཐོག་ལས་ སྡེ་ཚན་ནང་འཁོད་ ལིག་གི་རྩེད་འགྲན་འབདཝ་ཨིན་པས།
སྡེ་ཚན་རེ་གིས་ རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འཛུལ་འཐུས་དངུལ་ཀྲམ་༡༠,༠༠༠ རེ་ སྤྲོད་ཡོདཔ་ད་ འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ སྡེ་ཚན་གྱིས་ རྒྱལ་རྟགས་དང་ དངུལ་རྐྱང་གི་ གསོལ་རས་དངུལ་ཀྲམ་༦༠,༠༠༠ དང་ ཨང་༢ པ་གིས་ དངུལ་ཀྲམ་༢༥,༠༠༠ འཐོབ་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *