རྒན་ཤོས་བདག་འཛིན་ལྟེ་བ་ གཞི་བཙུགས་འབད་མ་རན་ག?

༉ ང་བཅས་ར་ འབྲུག་པའི་མི་ཚུ་ དུས་སྐལ་འདི་ནང་ དཔལ་འབྱོར་ཡར་རྒྱས་ལུ་བརྟེན་པའི་ ཁེ་ཕན་བྱུང་སྟེ་ དགའ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་སྡོད་པའི་ མངོན་གསལ་བྱུངམ་ཨིན་རུང་ ཕྱོགས་གཅིག་ལས་བལྟ་བ་ཅིན་ ལོ་ན་རྒས་ མི་ཚུ་ བདག་འཛིན་འཐབ་ནིའི་འགན་འཁྲི་དང་ ཁོང་གི་དོན་ལུ་ ཕན་བདེའི་ལམ་ལུགས་ཅིག་ བཟོ་སྟེ་མེདཔ་ལས་ སེམས་སྐྱོ་བའི་ གཞི་ཅིག་ཨིན་མས།
ད་རེས་ནངས་པ་ རྒྱལ་ཁབ་མཐའ་དབུས་མེད་པའི་མི་ཚུ་གིས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ ལོ་གཅིག་བ་ལོ་གཅིག་ མང་སུ་སྦེ་ར་ ཐོན་མི་དང་བསྟུན་ རྒན་རྒས་ཚུ་གི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཕམ་ཚུ་གིས་ གཡུས་ཁར་སྡོད་དེ་ ཁྱིམ་བདག་འཛིན་འཐབ་ནིའི་ འགན་ཁུར་འབགཔ་ཨིན་མས།
མི་རློབས་ཞིབ་དཔྱོདཔ་ཚུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ན་གཞོན་གྱི་མི་རློབས་དེ་ འགྲོས་ཀྱིས་སྦེ་ར་ མར་བབས་འགྱོཝ་མས་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ན་གཞོན་ཚུ་ ན་ལོན་ཐལ་བའི་ཁར་ ན་ལོན་ཚུ་ཡང་ ལོ་ན་རྒས་འགྱོཝ་ལས་ ང་བཅས་ར་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ ཨིན་མས།
མི་སྡེའི་དཔལ་འབྱོར་གོང་འཕེལ་དང་ འཚོ་བའི་གནས་སྟངས་ཀྱི་ཐད་ཁར་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ བསྒྱུར་བཅོས་སྦོམ་སོང་ཡོདཔ་ལས་ འབྲུག་མི་ཚུ་གིས་ ལེགས་ཤོམ་སྦེ་ར་ ལོངས་སྤྱོད་དེ་འདུག།
དེ་འབདཝ་ལས་ ལོ་ངོ་བཅུ་ཕྲག་གི་ ཧེ་མ་བཟུམ་སྦེ་ རང་རྐྱང་ཐོག་ ཡར་རྒྱས་མ་འགྱོ་བའི་ས་གནས་ནང་ སྡོད་དགོཔ་མི་འབྱུང་ནི་ཨིན་པའི་ཁར་ དང་ཕུ་ཕམ་ཚུ་བཟུམ་སྦེ་ མི་ཚེ་དཀའ་སྡུག་ཐོག་ལུ་ དཀའཝ་སྤྱད་དེ་ སྡོད་མི་དགོ་ནི་ཨིན་མས།
གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ ཡར་སེང་སོང་མི་ལུ་བརྟེན་ གཡུས་ཁར་བལྟ་མི་མེད་པའི་ ཕམ་རྒན་རྒས་ཀྱི་ གྱངས་ཁ་དེ་ཡང་ ཧེ་མ་དང་ཕྱདཔ་ད་ མང་སུ་སྦེ་ར་ ཐོན་དོ་ཡོདཔ་ད་ དེ་ཡང་ གཅིག་ལས་བལྟ་བ་ཅིན་ ཕམ་ཚུ་གིས་ ཁོང་རའི་ ཨ་ལོ་ཚུ་དང་གཅིག་ཁར་ ཁྲོམ་ཁར་སྡོད་ནི་ལུ་ མ་དགའ་ནི་དེ་གིས་ཨིན་མས།
ཨིན་རུང་ ཁྲོམ་ཁར་འོང་མི་ཚུ་གི་ཐད་ཁར་ རྒན་རྒས་ལ་ལོ་ཅིག་ བདེ་སྒྲིག་འབད་མ་ཚུགས་པར་ ལཱ་ཁག་རྐྱབ་སྟེ་ སེམས་སྐྱོ་དོ་ཡོདཔ་ད་ ལ་ལོ་ཅིག་ བདག་འཛིན་འཐབ་མི་མེད་པའི་ དཀའ་སྡུག་བྱུང་སྟེ་འདུག།
དེང་སང་གི་གནས་སྟངས་ནང་ ལོ་ན་རྒས་མི་ཚུ་གི་ དཀའ་ངལ་སེལ་ཐབས་དོན་ལུ་ ང་བཅས་ར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྲིད་བྱུས་ལེགས་ལྡན་ཅིག་ བཟོ་དགོཔ་ངེས་བདེན་འདུག།
དཔེ་འབད་བ་ཅིན་ བདག་འཛིན་འཐབ་མི་མེད་པའི་ ཕམ་རྒན་རྒས་ཚུ་སྡོད་ནིའི་དོན་ལུ་ སྒྲིང་ཁྱིམ་རྐྱབ་ནི་དང་གཅིག་ཁར་ ཁྱད་རིག་གི་ཞབས་ཏོག་ཚུ་ གཞི་བཙུགས་འབད་བ་ཅིན་ ལྷག་པར་དུ་ ཕན་ཁྱད་འབྱུང་ནི་ཨིན་མས།
འབྲུག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྡན་པའི་ རྒྱལ་ཁབ་ཨིན་པའི་སྙན་གྲགས་ འཛམ་གླིང་ནང་ དར་ཁྱབ་འགྱོཝ་དང་བསྟུན་ བལྟ་མི་མེད་མི་དང་ སྡོད་ས་མེད་པའི་ རྒན་རྒས་ཉམ་ཆུང་ཚུ་གི་དོན་ལུ་ ངེས་པར་དུ་ སྡོད་ཁྱིམ་རྐྱབ་བྱིན་དགོཔ་འདུག།
ཉིནམ་དག་པ་ཅིག་གི་ཧེ་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ ཝང་སི་སི་ནང་ལུ་ འཕྲལ་ཁམས་གསར་བསྒྲུབས་འབད་མི་ རྒན་ཤོས་མཚམས་ཁང་ནང་ གཟིགས་ཞིབ་གནང་ཡོདཔ་ད་ དེ་ཡང་ མི་དབང་མཆོག་གི་ མི་སེར་ལས་འགུལ་ཐོག་ལས་ བལྟ་མི་ག་ཡང་མེད་པའི་ རྒས་ཤོས་ཚུ་ སྡོད་བཅུག་ནིའི་དོན་ལུ་ མཚམས་ཁང་ཚུ་ བཟོ་སྐྲུན་འབད་གནང་མི་དེ་གིས་ ད་རེས་ རྒན་ཤོས་༡༩ དེ་ཅིག་ དགའ་ཏོག་ཏོ་སྦེ་ སྡོད་དོ་ཡོདཔ་ལས་ མི་དབང་མཆོག་ལུ་ བཀྲིན་བསམ་དགོཔ་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *