ལྷ་དཀརཔོ་དང་ འདྲེ་གནག་ཅུང་གིས་ དམྱལ་འབུམ་གྱི་ དགེ་སྡིག་ཤན་ཕྱེ་བའི་བསྒང་།

རྒན་རྒས་ཚུ་གིས་ བྱིན་རླབས་ཅན་གྱི་ ཚེས་བཅུའི་གར་འཆམ་ མཇལ་དོ་ཡོདཔ།

༉ ཚེས་བཅུའི་གར་འཆམ་མཇལ་མི་གིས་ ཚེ་འདི་ཕྱི་གཉིས་ལུ་ ཕན་བདེ་འཐོབ་དོན་ལུ་ དམིགས་ཏེ་ཨིནམ་ལས་ ཆོས་སེམས་ཅན་གྱི་ འབྲུག་མི་དང་ དམིགས་བསལ་དུ་ མོང་སྒར་རྫོང་ཁག་གི་ ཉེ་འདབས་ལུ་སྡོད་མི་ མི་རྒན་རྒས་ཚུ་གིས་ ཚེས་བཅུའི་གར་འཆམ་དེ་ རྩ་ཅན་སྦེ་ བརྩི་མཐོང་བསྐྱེད་དེ་ འདུན་པ་རྩེ་ཅིག་གི་ཐོག་ལས་ གར་འཆམ་མཇལཝ་ཨིན་པས།
དེ་ཡང་ སྐྱེས་ལོ་༧༦ ལང་མི་ ཨ་རྒས་བཀྲིས་རྡོ་རྗེ་དང་ ཆ་རོགས་ཚུ་ཨིནམ་ད་ ཨ་རྒས་བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ གཞོནམ་སྦེ་སྡོད་པའི་སྐབས་སུ་ ཤ་བསད་ ཉ་བཟུང་སྟེ་ སྡིག་པ་སྦོམ་བསགས་མི་ཚུ་ སྦྱང་ཐབས་ཀྱི་ ཐབས་ཤེས་ཅིག་མེདཔ་ལས་ དམྱལ་བའི་སྡུག་བསྔལ་ལུ་ མནོ་བསམ་བཏངམ་ད་ གནམ་མེད་ས་མེད་བློ་འགྱོད་བསྐྱེདཔ་མས་ཟེར་ཨིན་པས།
ཨིན་རུང་ དུས་ཚོད་འ་ནེམ་ཅིག་ཁར་ མ་ཎི་དང་ བཛྲ་གུ་རུ་གང་མང་བགྱང་པའི་ཁར་ དམྱལ་བའི་སྡུག་བསྔལ་ལུ་ འདྲོག་བྱེལ་འཐབ་སྟེ་ ཚེས་བཅུ་མཇལ་བར་འོང་ཡི་ཟེར་ཨིན་པས།
ལྕགས་སི་མཁར་རྒེད་འོག་ལས་ བཀྲིས་རྡོ་རྗེ་གིས་ མོང་སྒར་རྫོང་ཁག་དང་ རྒེད་འོག་ཚུ་ནང་ ཚེས་བཅུའི་སྐུ་འཆམ་ཚུ་གནངམ་ད་ མཇལ་ཁ་ཞུ་བར་འགྱོ་དོ་ཟེར་ཨིན་པས།
སྐྱེས་ལོ་༨༠ ལང་མི་ ཨང་རྒས་ཀ་བུ་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཐུན་དང་ དགེ་སྦྱོར་འབད་ནིའི་ མནོ་བསམ་བཏང་རུང་ ཆུང་ཀུ་བསྒང་ལས་ ཆོས་ཡོན་ཏན་ལྷབ་སྦྱང་འབད་འབདཝ་མེདཔ་ལས་ མ་ཎི་དང་ བཛྲ་གུ་རུ་བགྱང་སྡོད་དེ་ ལོ་༢༠ ལང་དོ་ཟེར་ཨིནམ་ད་ མོ་གི་རྒྱུད་ལུ་ཡོད་པའི་ སྡིག་སྒྲིག་སྦྱང་ཐབས་ལུ་ དགེ་འདུན་དང་ སྒོམ་སྡེ་ ཆོས་སྡེ་ དེ་ལས་ དགོན་སྡེ་ཚུ་གིས་ ཆོས་ཕྱོགས་ཀྱི་རིམ་པ་ཚུ་ འགོ་འདྲེན་འཐབ་སར་ རྩ་འགེངས་ཏེ་ བྱིན་རླབས་ཞུ་བར་འགྱོ་དོ་ཟེར་ཨིན་པས།
བཀའ་གདམས་དགོན་པ་ལུ་ ལོ་བསྟར་བཞིན་དུ་ ཚེས་བཅུའི་གར་འཆམ་མཇལ་ཁ་གནང་སར་ མོ་ར་གཟུགས་ཀྱི་ ལྕོགས་གྲུབ་མེད་རུང་ རྩ་འགེངས་ཏེ་ སྨོན་ལམ་བཏབ་པར་ འོང་དོ་ཟེར་ཨིན་པས།
དགོངས་འདུས་རྒེད་འོག་ལས་ སྐྱེས་ལོ་༨༦ ལང་མི་ ཨང་རྒས་ཚེ་རིང་ལྷམོ་གིས་ འབད་བ་ཅིན་ མི་ཕྱུགཔོ་ཚུ་བཟུམ་སྦེ་ འཛམ་གླིང་ནང་ གི་ གནས་རྩ་ཅན་དང་ བླམ་ དེ་ལས་ རིན་པོ་ཆེ་རྩ་ཅན་ཚུ་ལས་ དབང་དང་ གདམས་ངག་ཞུ་ནིའི་གོ་སྐབས་ ཐོབ་མ་ཚུགས་རུང་ ཚེས་བཅུའི་གར་འཆམ་མཇལཝ་ཙམ་ཅིག་གིས་ ཕག་པ་སྦོམ་ར་ཡོད་ཟེར་ཨིན་པས།
ཨང་རྒས་ཚེ་རིང་ལྷམོ་གིས་ སླབ་མིའི་ནང་ བཀའ་གདམས་དགོན་སྡེའི་ སྐུ་འཆམ་དེ་ གཞན་དང་མ་འདྲ་བའི་ བྱིན་རླབས་ཅན་ཅིག་ཨིན་མི་དེ་ཡང་ ཞིང་ཕེབས་བླམ་ཀརྨ་དབང་འདུས་ཀྱིས་ བྱིན་གྱིས་བརླབས་གནངམ་མ་ཚད་ ལོ་གསུམ་ཕྱོགས་༣ གྱི་ མཚམས་བཅད་དེ་སྡོད་མི་དང་ མཚམས་པ་ཚུ་གིས་ གནང་དོ་ཡོདཔ་ལས་ དགོན་སྡེའི་སྐུ་འཆམ་མཇལ་བར་ ལོ་བསྟར་བཞིན་དུ་འོང་མི་ལུ་བརྟེན་ མོ་ར་ཚེ་རིངམོ་སྦེ་སྡོད་མི་དེ་ འདི་གི་བྱིན་རླབས་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
གར་འཆམ་ཚུ་གི་གྲས་ལས་ བྱིན་རླབས་ཆེ་ཤོས་ར་ བར་དོའི་སྐུ་འཆམ་དེ་ཨིནམ་ལས་ ཁ་ཙ་ བར་དོའི་སྐུ་འཆམ་གནང་མི་དེ་ ལེགས་ ཤོམ་སྦེ་མཇལ་ཏེ་ ཚེ་ཕྱི་མ་ཐར་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ནིའི་དོན་ལུ་ སྨོན་ལམ་བཏབ་སྟེ་ སྙན་དར་ཚུ་ཕུལ་ཚུགས་ནི་དེ་གིས་ རེ་བ་རྫོགས་ཅི་ཟེར་ རྒན་རྒས་ཚུ་གིས་ བཤདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཚེས་བཅུའི་བྱིན་རླབས་ལུ་བརྟེན་ ཞི་བདེ་དང་ བདེ་སྐྱིད་བྱུང་སྟེ་ བསམ་པའི་དོན་ཚུ་ ཇི་བཞིན་དུ་གྲུབ་ཚུགས་ཟེར་ཨིན་པས།
ད་རིས་ དྲོ་པར་ མཐོང་གྲོལ་མཇལ་ཁ་གནང་ནི་དང་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཚུ་ མི་མང་ལུ་ མཇལ་ཁ་གནང་ཐོག་ལས་ ཉིན་གྲངས་༣ གྱི་ ལས་རིམ་དེ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *