རྐྱེན་ངན་འཛིན་སྐྱོང་འཐབ་ནིའི་དོན་ལུ་ འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང།

རྐྱེན་ངན་འཛིན་སྐྱོང་འཐབ་ནིའི་དོན་ལུ་ འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༠ ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ རང་བཞིན་གྱི་རྐྱེན་ངན་འབྱུང་པ་ཅིན་ ཉེན་སྲུང་འབད་ནིའི་དོན་ལུ་ རྐྱེན་ངན་འཛིན་སྐྱོང་འཐབ་ཐངས་དང་ གནོད་སྐྱོན་བྱུང་མི་ཚུ་ལུ་ ཞབས་ཏོག་བྱིན་མི་ལས་སྡེ་ཚུ་ གྲ་སྒྲིག་ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་ཡང་ ནོར་འཛིན་ལམ་གྱི་ས་ཁོངས་དང་ བར་སྦིས་སའི་ས་ཁོངས་ཁག་༧ དེ་ཅིག་ནང་ འགོ་འདྲེན་འཐབ་ཡོདཔ་ད་ མེ་རྐྱེན་བཀག་ཐབས་ ག་དེ་སྦེ་འབད་ནི་ཨིན་ན་དང་ སྒྲིང་ཁྱིམ་ཚུ་ རམ་འགྱོ་བའི་སྐབས་ མི་ཚུ་ག་དེ་སྦེ་ འཚོལ་ནི་ཨིན་ནའི་ འགྲེམ་སྟོན་འབད་ཡོདཔ་མ་ཚད་ གློ་བུར་གྱི་རྐྱེན་ངན་རེ་བྱུངམ་ད་ སྨན་བཅོས་ཚུ་ ག་དེ་སྦེ་འབད་ནི་ཨིན་ནའི་ འགྲེམ་སྟོན་འབད་ཡོདཔ་ཨིན་པས།
ཁྲོམ་སྡེའི་ངོ་ཚབ་ ཀུན་དགའ་ཡོན་ཏན་གྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ ས་ཡོམ་གྱི་ ཉེན་ཁ་ཡོད་པའི་ས་ཁོངས་ནང་ཚུད་ཡོདཔ་ལས་ གྲ་སྒྲིག་དང་འཆར་གཞི་ཚུ་ བརྩམ་དགོ་པས་ཟེར་ཨིནམ་ད་ ས་ཡོམ་རྐྱབ་པ་ཅིན་ ཉེན་སྲུང་དང་ལྡནམ་སྦེ་ ག་དེ་སྦེ་སྡོད་ནི་ཨིན་ན་དང་ འགན་ཁུར་ཚུ་ ག་དེ་སྦེ་འབག་ནི་ཨིན་ནའི་ འགོ་འདྲེན་འཐབ་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགྲེམ་སྟོན་འགོ་འདྲེན་འཐབ་མི་དེ་ མི་མང་ལུ་ ཉེན་སྲུང་གི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་ རྐྱེན་ངན་འཛིན་སྐྱོང་ ག་དེ་སྦེ་འཐབ་ནི་ཨིན་ནའི་ ཤེས་ཡོན་སྤྲོད་ཐབས་ལུ་ཨིནམ་ད་ རྐྱེན་ངན་འཛིན་སྐྱོང་དང་འབྲེལ་བ་ཡོད་མི་ ལས་སྡེ་ཚུ་གྲ་སྒྲིག་ཡོད་མེད་ བལྟ་ནིའི་དོན་ལུ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགྲེམ་སྟོན་ལས་རིམ་སྐབས་ ནདཔ་ཚུ་ལུ་ གློ་བུར་གྲོགས་རམ་འབད་མི་ཚུ་ ཕྱིས་སོང་པའི་ཁར་ ནདཔ་ཚུ་སྲོག་སྐྱབས་འབད་མི་ སྡེ་ཚན་ཚུ་ཡང་ ཕྱིས་སོཔ་ལས་ རྐྱེན་ངན་ངོ་མ་འབྱུང་པ་ཅིན་ ནདཔ་ཚུ་ཤི་ནི་མས་ཟེར་ཨིནམ་ད་ ཤུལ་ལས་ ཞབས་ཏོག་བྱིན་མི་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་བྱིན་ཐབས་ལུ་ འགོ་འདྲེན་ལེགས་ཤོམ་འཐབ་དགོཔ་འདུག་ཟེར་ ཨིན་པས།
འགྲེམ་སྟོན་དེ་ཡང་ མེ་རྐྱེན་དང་ ས་ཡོམ་ དེ་ལས་ སྒྲིང་ཁྱིམ་ཚུ་ རམ་འགྱོ་བའི་སྐབས་ ནདཔ་ཚུ་ག་དེ་སྦེ་ སྲོག་སྐྱབས་འབད་ནི་ཨིན་ན་དང་ ནདཔ་ཚབས་ཆེན་ཚུ་གི་ སྨན་བཅོས་ཞབས་ཏོག་ཚུ་ ག་དེ་སྦེ་ བྱིན་ནི་ཨིན་ནའི་དོན་ལུ་ཨིནམ་ད་ རྐྱེན་ངན་བྱུང་སའི་ས་ཁོངས་ཚུ་ནང་ མེ་བསད་སྡེ་ཚན་གྱི་ཁ་ཐུག་ལས་ ངོས་ལེན་དང་ཞབས་ཏོག་ཚུ་ ག་དེ་སྦེ་འདུག་ག་ ལྟ་རྟོག་འབད་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་གྲ་སྒྲིག་དང་ ངོས་ལེན་སྡེ་ཕྲན་གྱི་ གཙོ་འཛིན་འོག་མ་ བསོད་ནམས་བདེ་སྐྱིད་ཀྱིས་ སླབ་མིའི་ནང་ འགྲེམ་སྟོན་དེ་ འགོ་འདྲེན་ལེགས་ཤོམ་སྦེ་ར་ འཐབ་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ རྐྱེན་ངན་བྱུང་པའི་སྐབས་ ཞབས་ཏོག་བྱིན་མི་ གློ་བུར་གྱི་སྨན་བཅོས་ཞབས་ཏོག་དང་ མེ་བསད་སྡེ་ཚན་ དེ་ལས་ འགྲོ་འགྲུལ་འཛིན་སྐྱོང་འཐབ་མི་ ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འབད་ནི་དེ་གིས་ཨིན་ཟེར་ ཨིན་པས།
འགྲེམ་སྟོན་ལས་རིམ་དེ་ ཁྲོམ་སྡེ་གིས་ རྐྱེན་ངན་འཛིན་སྐྱོང་དང་ ཨ་ལོ་སྲོག་སྐྱབས་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *