རྐྱེན་ངན་མ་བྱུངམ་ལས་ར་ སྔོན་འགོག་གི་ ཐབས་ལམ་བཏོན་དགོཔ།

༉ ད་རེས་ རྒྱལ་ཁབ་མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ ཆརཔ་རྒྱུན་མ་ཆད་པར་རྐྱབ་མི་ལུ་བརྟེན་ ས་རུད་དང་ ཆུ་རུད་ལ་སོགས་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་ ལེ་ཤ་ཅིག་ར་ བྱུང་དོ་ཡོདཔ་ལས་ དྲན་པ་བཏོན་དགོ་པའི་ དུས་ཚོད་ཅིག་ཨིན་མས།
དམིགས་བསལ་དུ་ རྒྱལ་ཡོངས་གཞུང་ལམ་བདའ་སྟེ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ལས་ གནམ་གཤིས་གནས་སྟངས་དང་ འཁོར་ལམ་གནས་སྟངས་དང་འབྲེལ་བའི་ བརྡ་དོན་ཚུ་ ཤེས་དགོཔ་གལ་ཆེ་བས།
མ་གཞི་ ལམ་སེལ་ལས་ཁུངས་དང་ སྐྱེལ་འདྲེན་དབང་འཛིན་ དེ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ས་རུད་དང་ ཆུ་རུད་ཀྱིས་ འཁོར་ལམ་བསུབས་མི་དང་ འཕྱགས་བདའ་མི་ དེ་ལས་ འགྲུལ་བཀག་ཡོད་མེད་ཀྱི་སྐོར་ལས་ དུས་རྒྱུན་དུ་ མི་མང་ལུ་ བརྡ་དོན་ཚུ་ ཁྱབ་སྤེལ་འབད་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
དེ་ལས་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་འབད་རུང་ ཉིན་བསྟར་བཞིན་དུ་ གཙང་ཆུ་ཚུ་གི་ ཚད་གཞི་དང་ ཆུ་རུད་ཀྱི་ ཉེན་ཁ་སྐོར་ལས་ ལྟ་རྟོག་འབད་དེ་ ཆུ་མཇུག་ལས་མར་ གཞིས་ཆགས་སྡོད་མི་ཚུ་ལུ་ དུས་ཐོག་བསླབ་བཀོད་དང་ ཉེན་ཁ་ལས་ ཟུར་ཐབས་ཀྱི་ལམ་སྟོན་ཚུ་ བྱིན་བཞིན་དུ་ཡོདཔ་ཨིན།
འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་མང་གི་མཐའ་དོན་ལུ་ དེ་བཟུམ་མའི་ འགན་ཁུར་འབག་སྟེ་ བརྡ་དོན་ཚུ་ ཁྱབ་སྤེལ་འབདཝ་ད་ ང་བཅས་ར་ ཆ་མཉམ་གྱིས་ ཚུལ་མཐུན་ངོས་ལེན་དང་ མཉམ་འབྲེལ་འབད་ནི་དེ་ ཁག་ཆེ།
ཁ་ཙ་བཟུམ་ཅིག་འབད་བ་ཅིན་ ཤར་ཕྱོགས་དང་ ལྷོ་ཕྱོགས་ཁ་ཐུག་གི་ གཞུང་ལམ་ཚུ་བདའ་སྟེ་ ས་གནས་ཐདམ་ཐད་ཁར་ ས་རུད་ཆད་མི་ལུ་བརྟེན་ ལམ་ཁག་ལེ་ཤ་ཅིག་ བསུབས་ཡོདཔ་མ་ཚད་ ལ་ལོ་ཅིག་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ བར་ཆད་རྐྱབ་སྟེ་འདུག།
དེ་བཟུམ་སྦེ་ སྤུ་ན་ཕོ་ཆུ་དང་ མོ་ཆུ་༢ ཆ་ར་ བྲེས་ཡོདཔ་བཞིན་དུ་ མོ་ཆུའི་ཚད་གཞི་དེ་ ཉེན་ཁ་ཅན་གྱི་ཐོག་ལུ་ཡོདཔ་ལས་ རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བ་གིས་ ལྟ་རྟོག་འབད་བཞིན་དུ་འདུག།
ལྟེ་བ་གིས་ སྤུ་ན་ཁ་དང་ དབང་འདུས་ཀྱི་ རྫོང་ཁག་བདག་སྐྱོང་དང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ གཙང་ཆུ་བྲེས་མི་དང་བསྟུན་ དྲན་བཏོན་ཐོག་ སྡོད་དགོཔ་མ་ཚད་ གལ་སྲིད་ ཉེན་ཁ་འབྱུང་པ་ཅིན་ གདོང་ལེན་དང་ ཐབས་ལམ་ཚུ་ བསྒྲིག་དགོ་པའི་ སྙན་ཞུ་འབད་ནུག།
ལྟེ་བ་ལས་ ཉེན་བརྡ་ཐོབ་པའི་ཤུལ་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རྒྱབ་ལས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པའི་ ཆུ་མཛོད་དེ་ ཆུ་གིས་གང་ཡོདཔ་ལས་ ལས་འགུལ་གྱི་འགོ་དཔོན་ཚུ་གིས་ ཆུ་མཛོད་ཀྱི་ས་ཁོངས་ནང་ཡོད་མི་ འཕྲུལ་ཆས་ཚུ་ ཉེན་སྲུང་ཅན་གྱི་ས་ཁོངས་ནང་ བཏོན་བསྐྱལ་ནི་གི་ དུས་ཚོད་ཐོབ་ནུག།
དེ་བཟུམ་སྦེ་ ཀྲོང་གསར་སྦྱིས་ཟམ་ལུ་ཡང་ མང་སྡེ་ཆུའི་ཚད་གཞི་དེ་ ཉེན་ཁ་ཅན་གྱི་ཐོག་ལུ་ ལྷོད་ཡོདཔ་ལས་ ཉེ་འདབས་ལས་ཕར་ སྡོད་མི་ཚུ་ ཁ་ཙ་ ཉེན་སྲུང་ཅན་གྱི་ ས་ཁོངས་ཚུ་ནང་ སྡོད་བཅུགཔ་མ་ཚད་ དྲན་པ་བཏོན་དགོཔ་སྦེ་ སླབ་ཡོདཔ་ཨིན་མས།
མ་གཞི་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་ལུ་ དཔེ་འབད་བ་ཅིན་ ས་རུད་ཆད་ནི་དང་ འཁོར་ལམ་བསུབ་ནི་ ཆུ་རུད་འཐོན་ནི་ དེ་ལས་ གཙང་ཆུ་བྲེས་ནི་དེ་ རང་བཞིན་གྱི་ རྐྱེན་ངན་ཨིནམ་ལས་ རྣམ་རྟོག་ལང་དགོཔ་ཅིག་མེད་རུང་ ནད་མ་འོང་གོང་ལས་རིམ་གྲོ་དང་ ཆུ་མ་འོང་གོང་ལས་གཡུར་བ་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ སྔ་གོང་ལས་ར་ སྔོན་འགོག་གི་ ཐབས་ལམ་ཚུ་བཏོན་ཏེ་ དྲན་ཤེས་ཐོག་ལུ་ གྲ་སྒྲིག་སྦེ་སྡོད་ནི་དེ་ ག་ནི་བ་ ཁག་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *