རྐྱེན་ངན་བྱུང་སྟེ་ ལོ་ལྷག་སོ་རུང་ ཆུ་དུང་འོག་ལས་ ཚེ་འདས་༦ གི་ཕུངམ་ མ་བཏོན་པར་ཡོདཔ།

༉ ན་ཧིང་ སྤུ་ན་གཙང་ཆུ་༢ པའི་ ཌའུན་ཨིསི་ཊིམ་ སཱརཇི་གེ་ལ་རི་ཟེར་མི་ ས་འོག་ཆུ་དུང་ཐོག་ཁར་ལས་ ས་དང་རྡོ་བུད་འོང་སྟེ་ མི་༦ ལུ་ ཤི་རྐྱེན་བྱུང་ཡོད་མི་དེ་ ད་ལྟོའི་བར་ན་ཡང་ མ་སེལ་བར་བཞག་སྟེ་འདུག།
ད་རེས་ ས་དོང་དེ་ རྡོ་ཚུ་གིས་ ལྟེམ་ལྟེ་སྦེ་ གང་སྟེ་ཡོདཔ་མ་ཚད་ དེ་ནང་ ལཱ་འབད་མི་ ཕུད་རྡོག་གཅིག་ཡང་ མཐོང་གསལ་མི་བྱུང་པས།
རྡོ་ཚུ་གིས་ ཨེབ་སྟེ་བསད་མི་ ལས་མི་ཚུ་ ད་ལྟོའི་བར་ན་ཡང་ རྡོ་རུག་ཚུ་གི་ འོག་ལུ་ཡོདཔ་སྦེ་ སླབ་དོ་ཡོདཔ་ད་ དེ་བསྒང་ ཚེ་ལས་འདས་མི་ ལས་མི་ཚུ་ ས་ཁོངས་དེ་ནང་ ལཱ་འབད་དེ་ སྡོད་ཡོདཔ་ཨིན་པས།
རྐྱེན་ངན་དེ་ཡང་ འགོ་དང་པ་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༣ ལུ་ བྱུང་ཡོདཔ་ད་ སྤྱི་ཚེས་༢༦ ཚུན་ ས་དང་རྡོ་དུམ་གྲ་རེ་ ཆད་ཡི་ར་ སྡོད་ཡོདཔ་ཨིན་པས།
ས་ཁོངས་ནང་ ལཱ་འབད་མི་ཚུ་གིས་ སླབ་མིའི་ནང་ འགོ་ཐོག་ས་དོང་ཆད་པའི་སྐབས་ལུ་ ས་དོང་ཟུར་ཁར་ལས་ ས་སྟོང་ཆུང་ཀུ་ཅིག་ སྡོད་ཡོདཔ་ཨིན་རུང་ ནན་བསྐྱར་དུ་ཆདཔ་ད་ ས་སྟོང་དེ་ཡང་ བསུབས་ད་ཡི་ཟེར་ཨིན་པས།
དེ་གི་སྐབས་ལུ་ ས་དོང་དེ་གི་ བྱང་ཕྱོགས་ཧོངས་ལུ་ ལཱ་འབད་དེ་སྡོད་མི་ ལས་མི་༡༡ གིས་ ས་དོང་ཆུང་ཀུ་དེ་ལས་ མེ་མཐོང་ས་བལྟ་སྟེ་ རྡོ་དང་ས་བུད་སྡོད་པའི་བར་ན་ལས་ ཕྱི་ཁར་ཐོན་ཚུགས་ཡོདཔ་ཨིན་པས།
གློག་མེ་འཕྲུལ་ཁང་གི་ ས་ཁོངས་བཟོ་སྐྲུན་སྡེ་ཚན་གྱི་ བཟོ་རིག་སྤྱི་འཛིན་ ཌི་ཌི་ ཋ་ཀུར་གྱིས་ སླབ་མིའི་ནང་ རྐྱེན་ངན་དེ་བྱུངམ་ད་ ས་འོག་ཆུ་དུང་ མི་ཊར་༣༡༤ དོང་སྤེད་དགོཔ་ཡོད་མི་ལས་ མི་ཊར་༡༣ དེ་ཅིག་མ་གཏོགས་ ལྷག་ལུས་མེད་པར་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཆུ་དུང་གི་ རིང་ཚད་ལས་ མི་ཊར་༡༡༨ དང་༢༠༠ འི་བར་ན་ ཆད་སོ་ནུག་ཟེར་ཨིནམ་ད་ མཐོ་ཚད་མི་ཊར་༥༨.༥ འོང་དགོ་མི་ལས་ རྐྱེན་ངན་བྱུངམ་ད་ མཐོ་ཚད་མི་ཊར་༣༥ ལས་༤༣ ཚུན་ རྐོ་ཚར་ཡི་ཟེར་ཨིན་པས།
ཌི་ཌི་ ཋ་ཀུར་གྱིས་ ད་ལྟོ་ཡོད་པའི་ ས་དོང་གི་གནམ་པང་ ལྕགས་བཙུགས་ཏེ་ ཡོད་མི་ཚུ་ཡང་ ལོག་སྟེ་ར་ ལྷག་པར་དུ་ སྒྲིང་སྒྲི་བཟོ་ནི་ཨིན་ཟེར་ བཤདཔ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ ཁ་ཟཱན་ཅི་གིས་ སླབ་མིའི་ནང་ ས་འོག་ཆུ་དུང་གིས་ ས་དང་རྡོ་ ཆད་འོང་མིའི་ཐོག་ཁར་ ད་རེས་ ས་གོ་སྟོངམ་ཐོན་ཏེ་ཡོད་མི་ལུ་ དབྱེ་ཞིབ་འབད་དེ་ ཧ་ལམ་བཟོ་བཀོད་ཚུ་ མཇུག་བསྡུ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་གི་དོན་ལུ་ ས་སྟོང་དེ་གི་ རྒྱ་ཚད་དང་ མཐོ་ཚད་ཚུ་ཡང་ ག་དེ་རེ་ཡོདཔ་ཨིན་ན་ ཚོད་དཔག་འབད་ཚར་ཡོདཔ་ལས་ བཟོ་བཀོད་དེ་ཡང་ འཕྲལ་མགྱོགས་མཐའ་བཅད་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ས་སྟོང་ལྟ་རྟོག་དེ་ཡང་ ཨི་ཊཱ་ལི་ཡའི་ ལས་སྡེ་ཅིག་གིས་ འབད་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ སྒང་ཏོག་གུ་ལས་མར་ ས་དོང་བརྐོ་སྟེ་ བརྟག་ཞིབ་འབད་ནུག།
འཛིན་སྐྱོང་མདོ་ཆེན་གྱིས་ ས་སྟོང་དེ་ནང་ རྩི་ས་ཚུ་བླུགས་ཐོག་ལས་ ཧེ་མ་ག་ཨིནམ་སྦེ་ བཟོ་དགོཔ་དང་ དེ་གི་ཤུལ་ལས་རྐྱངམ་གཅིག་ ས་དོང་དེ་ སེལ་ཚུགས་ནི་ཨིན་རུང་ ལཱ་ཚུ་ སྤྱི་ལོ་༢༠༡༩ མཇུག་བསྡུ་ཁམས་ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
ས་གོ་དེ་ནང་ རྐྱེན་ངན་བྱུང་མི་ལུ་བརྟེན་ དེ་གི་ཉེ་འདབས་ལུ་ཡོད་པའི་ གློག་མེ་འཕྲུལ་ཁང་དང་ ཊཱནསི་ཕོ་མར་༢ ནང་ཡང་ གནོད་སྐྱོན་ཚུ་ བྱུང་མི་དང་འཁྲིལ་ ད་རེས་ ས་གོ་དེ་གཉིས་ནང་ཡང་ ལཱ་ཤུགས་བཏོན་ཏེ་འབད་བའི་བསྒང་འདུག།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཌའུན་ཨིསི་ཊིམ་ སཱརཇི་གེ་ལ་རི་ནང་ རྐྱེན་ངན་བྱུང་བའི་ཤུལ་ལུ་ ཁོང་གིས་ གློག་མེ་འཕྲུལ་ཁང་དང་ ཊཱནསི་ཕོ་མར་༢ ནང་ཡང་ དབྱེ་ཞིབ་འབད་བའི་སྐབས་ དུམ་གྲ་ཅིག་ སྐྱོན་ཞུགས་ཡོདཔ་སྦེ་ མཐོང་མི་ལུ་བརྟེན་ སྒྲིང་སྒྲི་བཟོ་ནིའི་ལཱ་ཚུ་ ནན་བསྐྱར་འགོ་བཙུགས་ཅི་ཟེར་ཨིན་པས།
ཌི་ཌི་ཋ་ཀུར་གྱིས་ སླབ་མིའི་ནང་ གློག་མེ་འཕྲུལ་ཁང་ནང་ གཞན་འབད་བ་ཅིན་ བཟོ་བཀོད་ཀྱི་ དགོས་མཁོ་དང་འཁྲིལ་ རིང་ཚད་མི་ཊར་༢༤༠.༧ དང་ མཐོ་ཚད་མི་ཊར་༥༣ འབད་མི་ ས་དོང་བརྐོ་ཚར་ཡོདཔ་ཨིན་རུང་ ད་རེས་ ས་དོང་གི་ཐོག་ཁའི་ གནམ་པང་གི་ལྕགས་དང་ གྱང་ཚུ་ དམ་སྒྲིང་བཟོ་ནིའི་དོན་ལུ་ ལོག་སྟེ་ར་ མི་ཊར་༤༥ ཚུན་ ས་ལོག་བླུགས་ཐོག་ལས་བཀང་སྟེ་ ལཱ་འབད་དོ་ཟེར་ཨིན་པས།
ས་ལོག་བླུགས་དགོ་མི་དེ་ཡང་ གཙོ་བོ་ར་ འཕྲུལ་ཆས་ཚུ་གིས་ གནམ་པང་གུ་ བདའ་མ་ཟུན་ནི་དེ་གིས་ཨིན་པས།
དེ་བཟུམ་སྦེ་ ཊཱནསི་ཕོར་མར་ཁང་མིག་དེ་ཡང་ བཟོ་བཀོད་ཀྱི་ དགོས་མཁོ་དང་འཁྲིལ་ བརྐོ་ཚར་ཡོདཔ་ཨིན་རུང་ དེ་ནང་ཡང་ ལོག་སྟེ་ས་བླུགས་ཐོག་ལས་ སྒྲིང་སྒྲི་བཟོ་ནིའི་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ད་ ལས་འགུལ་གྱི་ ལཱ་གཞན་ཚུ་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོད་པའི་གནས་ཚུལ།

དབང་འདུས་ལས་ ཉི་མ་དབང་འདུས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *