༉ སྤྱི་ཟླ་༨ པའི་ཚེས་༡༣ གྱི་ནུབ་མོ་ ཐིམ་ཕུག་ རྡོ་གདན་ནང་ལུ་ ལྕགས་རི་དགོན་པའི་ གཡས་ཕྱོགས་ལས་མར་བབས་མི་ རོང་ཆུ་དེ་ བྲེས་ཡོདཔ་ཨིན་རུང་ གནད་དོན་ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ལྟ་ཞིབ་མ་འབད་བར་ ཡོདཔ་ཨིན་པས།
རོང་ཆུ་དེ་གི་ཚད་གཞི་དེ་ དུས་ཡུན་སྐར་༡༥ དེ་ཅིག་གི་རིང་ སེན་ཊི་མི་ཊར་༤༠ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཆུ་དང་གནམ་གཤིས་བརྟག་དཔྱད་ལྟེ་བའི་འགོ་འཛིན་ ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོང་གིས་ ཆུ་རུད་དེ་ ག་ཅི་ལུ་བརྟེན་ ཐོན་ཡོདཔ་ཨིན་ན་ རོང་ཆུ་བདའ་སྟེ་ ལྟ་ཞིབ་འབད་བར་ མ་འགྱོ་རུང་ ད་ལས་ཕར་ དགོས་མཁོ་དང་འཁྲིལ་ འགྱོ་དགོ་པས་ཟེར་ཨིན་པས།
ཨིན་རུང་ ཆུ་རུད་ཐོན་མི་དེ་ ཁྱེགས་མཚོ་ལུ་བརྟེན་མེན་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ལྟེ་བའི་ བཟོ་རིག་འགོ་དཔོན་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ ཁོང་གིས་ཆུ་རུད་ཐོན་པའི་ས་ཁོངས་དེ་ནང་ སོང་ཡོདཔ་ཨིན་རུང་ དེ་ཚེ་ གནམ་ནུབ་མོ་འབད་ནི་དེ་གིས་ ལམ་མ་ཐལ་བའི་ཁར་ མིག་ཏོ་གིས་ མ་མཐོང་མི་ལུ་བརྟེན་ ཆུ་བདའ་སྟེ་ འགྱོ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་རེས་ཀྱི་ གནས་སྟངས་དེ་ནང་ ཆུ་རུད་ཐོན་དགོ་མི་དེ་ ཡང་ཅིན་ རོང་ཆུ་བདའ་སྟེ་ རུད་ཆད་མི་དང་ ཡང་ཅིན་ ཆུ་གིས་འཕྱགས་བདའ་མི་ རག་རོ་ཚུ་གིས་བསུབས་མི་དེ་ རྦད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ ས་ཁོངས་ནང་འགྱོ་ལྟ་བའི་སྐབས་ ཤིང་གསརཔ་ཚུ་ ཕུད་རྡོག་གཅིག་ཡང་ མ་མཐོང་མི་ལུ་བལྟ་བ་ཅིན་ རག་རོ་ཚུ་གིས་བསུབས་མི་ལུ་བརྟེན་ ཆུ་རུད་ཐོན་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
ལྕགས་རི་དགོན་པའི་ ཉེ་འདབས་ལུ་ ལྟེ་བ་གི་ ཆུ་ལྟ་རྟོག་ལྟེ་བ་ཅིག་ཡོདཔ་ད་ དེ་ནང་ ཆུ་ཚོད་༩ དེ་ཅིག་ཁར་ ཆུའི་ཚད་གཞི་ ཡར་འཕར་སོང་ཡོད་པའི་ ཐོ་བཀོད་འབད་མི་དང་འཁྲིལ་ དེ་འཕྲོ་ལས་ བརྡ་དོན་སྤེལ་ཡི་ཟེར་ཨིན་པས།
ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ ཝང་ཆུ་བདའ་སྟེ་ཡང་ ཆུ་རུད་ཀྱི་ ཉེན་བརྡ་ལམ་ལུགས་ གཞི་བཙུགས་འབད་ནི་ཨིནམ་བཞིན་དུ་ མ་དངུལ་གྱི་དོན་ལུ་ ཇ་པཱན་ཁས་བླངས་མཉམ་འབྲེལ་ལས་ཚོགས་ ཇའི་ཀ་ལུ་ གྲོས་འཆར་བཙུགས་ཏེ་ ཡོད་ཟེར་ཨིན་པས།
ཇའི་ཀ་ལས་ མ་དངུལ་གང་མགྱོགས་ཐོབ་མི་དེ་གིས་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
གལ་སྲིད་ མ་དངུལ་གྱིས་ ལང་ཚུགས་པ་ཅིན་ འཆར་གཞི་༡༢ པའི་ནང་ ཝང་ཆུ་དང་ ཨ་མོ་ཆུ་༢ ཆ་རའི་ནང་ ཉེན་བརྡའི་ལམ་ལུགས་དེ་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ འགྲོས་ཀྱིས་སྦེ ས་གནས་གཞན་ཚུ་ནང་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་ལྟོ་ཚུན་ རྒྱལ་ཁབ་ཀྱི་ ཆུ་ཆེན་༤ བདའ་སྟེ་ ཉེན་བརྡའི་ལམ་ལུགས་ཚུ་ གཞི་བཙུགས་འབད་ཚར་ཡོདཔ་ད་ གཙང་ཆུ་ཚུ་ཡང་ ཕོ་ཆུ་དང་ མོ་ཆུ་ ལྕམ་མཁར་ཆུ་ དེ་ལས་ མང་སྡེ་ཆུ་ཚུ་ཨིན་པས།
རྐྱེན་ངན་དེ་ཡང་ དེ་ཚེ་ ནུབ་མོའི་ཆུ་ཚོད་༨:༤༥ དེ་ཅིག་ཁར་ བྱུང་ཡོདཔ་ད་ དེ་བསྒང་ ཉེ་འདབས་ལས་ཕར་སྡོད་མི་ དགེ་སློང་ཚུ་གིས་ རོང་ཆུའི་སྐད་དེ་ འདྲོག་སི་སི་སྦེ་ གོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ ཆརཔ་ཆད་མི་ལུ་བརྟེན་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་གི་ གཙང་ཆུའི་ཚད་གཞི་ཚུ་ཡང་ ལོག་སྟེ་ར་ ཨ་རྟག་ཧར་ལུགས་གུ་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།