རོང་ཆུ་དང་གཙང་ཆུ་ཚུ་ འཐུང་ནིའི་དོན་ལུ་ ཉེན་སྲུང་མེདཔ།

༉ གྲོང་གཡུས་ནང་སྡོད་མི་ མང་ཤོས་ཅིག་གིས་ འཐུང་ཆུའི་དོན་ལུ་ རོང་ཆུ་དང་གཙང་ཆུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ དེ་ཚུ་ གཙང་ཏོག་ཏོ་མེདཔ་ལས་ འཐུང་ཆུ་དང་འབྲེལ་བའི་ ནད་གཞི་འཐོབ་ནིའི་ཉེན་ཁ་ ཡོདཔ་ཨིན་པས།
རྒྱལ་གཞུང་ནད་གཞི་བཀག་ཐབས་ལྟེ་བའི་ སྙན་ཞུ་དང་འཁྲིལ་བ་ཅིན་ རོང་ཆུ་ཚུ་ བརྒྱ་ཆ་༡༧ དང་༢༨ རྐྱངམ་གཅིག་འཐུང་བཏུབ་པས་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ནངས་པར་ ཆུ་རྐ་ལེགས་ཤོམ་མེད་པའི་ གཡུས་ཚན་ཚུ་ནང་ རོང་ཆུ་དང་ གཙང་ཆུ་ཚུ་ འཐུང་དོ་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ ཆུ་འཐུང་བཏུབ་མི་བཏུབ་ཀྱི་ བརྟག་ཞིབ་མི་འབད་བས་ཟེར་ཨིནམ་ད་ ཁྲོམ་གྱི་ འཐུང་ཆུའི་ཞབས་ཏོག་དེ་ གྲོང་སྡེ་ལས་འཛིན་གྱིས་ ལྟ་དོ་ཡོདཔ་ད་ དེ་ལས་ རྫོང་ཁག་ཚུ་ནང་འབད་བ་ཅིན་ རྫོང་ཁག་བདག་སྐྱོང་གིས་ ལྟ་དོ་ཡོདཔ་ལས་ འཐུང་ཆུའི་སྤུས་ཚད་ བརྟག་ཞིབ་འབད་ནིའི་འགན་ཁུར་དེ་ཡང་ ལས་སྡེ་ཚུ་ལུ་ ཕོག་དོ་ཡོདཔ་ཨིན་པས།
འཐུང་ཆུ་མེད་པའི་དཀའ་ངལ་དེ་ ཁྲོམ་སྡེ་དང་ གྲོང་གཡུས་ གཉིས་ཆ་ར་ནང་ཡོདཔ་ད་ དེ་ཡང་ དེ་བཟུམ་གྱི་དཀའ་ངལ་དེ་ ལོ་བསྟར་བཞིན་དུ་ མི་རློབས་ཀྱི་གྱངས་ཁ་ ཡར་སེང་འགྱོ་མི་དང་ གོང་འཕེལ་གྱི་ལཱ་འབད་མི་ དེ་ལས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུ་རྐ་ཚུ་ སྐམ་འགྱོ་དོ་ཡོདཔ་ཨིན་པས།
ཁྲོམ་ཁར་ འཐུང་ཆུ་མེད་པའི་དཀའ་ངལ་དེ་ ཐིམ་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཕུན་ཚོགས་གླིང་ལ་སོགས་པའི་ ཁྲོམ་སྦོམ་ཚུ་ནང་ཡོདཔ་ཨིན་རུང་ ཐིམ་ཕུག་གི་དོན་ལུ་འབད་བ་ཅིན་ ཆུ་བཀྲམ་སྤེལ་གྱི་དོན་ལུ་ ལས་འགུལ་སྦོམ་ཅིག་ འཕྲལ་ར་འགོ་བཙུགས་ནི་ཨིན་པས།
གྲོང་གཡུས་ཚུ་ནང་ འཐུང་ཆུ་མེད་པའི་དཀའ་ངལ་དེ་ རྫོང་ཁག་མང་ཤོས་ཅིག་ནང་ཡོད་མིའི་གྲས་ལས་ དཀའ་ངལ་ཆེ་ཤོས་ཅིག་ མོང་སྒར་ སྐྱེངས་མཁར་རྒེད་འོག་ནང་ཡོདཔ་ད་ དེའི་སྐོར་ལས་ འདས་པའི་བདུན་མཐའ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒེད་འོག་ལྟ་སྐོར་གནང་པའི་སྐབས་ཡང་ ས་གནས་ཀྱི་མི་ཚུ་གིས་ སྙན་ཞུ་ཕུལ་ནུག།
དེ་བསྒང་ བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ ས་གནས་ཀྱི་ མི་ཚུ་གི་དོན་ལུ་ ཆརཔ་བཟེད་དེ་ འཐུང་ནིའི་ཞབས་ཏོག་ཚུ་ འགོ་བཙུགས་ཡོདཔ་ལས་ དེ་གིས་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འགོ་བཙུགས་ནུག།
ཞབས་ཏོག་དེ་ ལྷོ་ཕྱོགས་རྫོང་ཁག་ རྩི་རང་དང་ བསམ་རྩེ་ལུ་ཡང་ འགོ་བཙུགས་ཡོདཔ་ད་ དེ་གིས་ འཐུང་ནི་རྐྱངམ་གཅིག་མེན་པར་ ཆུ་མེད་པའི་སྐབས་ ནོར་སེམས་ཅན་ཚུ་ལུ་བྱིན་ནི་དང་ ལོ་ཐོག་ཚུ་ནང་ དཔག་ནི་ལུ་ཡང་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ འཐུང་ཆུ་ལངམ་སྦེ་ ཐོབ་དགོཔ་དེ་ འབྲུག་མི་ཚུ་གི་ གཞི་རྟེན་ཐོབ་དབང་ཅིག་ཨིནམ་མ་ཚད་ འབྲུག་གི་ཆུའི་བཅའ་ཁྲིམས་དང་འཁྲིལ་རུང་ འཐུང་ཆུ་ལངམ་སྦེ་ བྱིནམ་དགོཔ་སྦེ་ཡོད་རུང་ ད་རེས་ རྒྱལ་ཁབ་ནང་ མི་ལེ་ཤ་ཅིག་གིས་ འཐུང་ཆུ་ལངམ་སྦེ་ ཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
རང་བཞིན་མཐའ་འཁོར་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ འཐུང་ཆུ་དང་འབྲེལ་བའི་ བཅའ་ཁྲིམས་དང་སྒྲིག་གཞི་ ལེ་ཤ་ཡོད་རུང་ དེ་ཚུ་བསྟར་སྤྱོད་ལེགས་ཤོམ་སྦེ་ མ་འབད་ནི་དེ་གིས་ འཐུང་ཆུའི་དཀའ་ངལ་སེལ་མི་ཚུགས་པས་ཟེར་ཨིན་པས།
འབྲུག་གི་འཐུང་ཆུ་སྤུས་ཚད་སྒྲིག་གཞི་༢༠༡༦ ཅན་མ་དང་འཁྲིལ་རུང་ འཐུང་ཆུ་དེ་ སྤུས་ཚད་ཅན་དང་ ལངམ་སྦེ་ བྱིན་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ འཆར་གཞི་ཚུ་བརྩམ་དགོཔ་མ་ཚད་ ཆུ་སྤྱོད་མི་ཚུ་དང་ཡང་ ལོ་རེ་ལུ་ ཞལ་འཛོམས་ཐེངས་༢ རེ་ འཚོགས་དགོ་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ བཅའ་ཁྲིམས་དང་སྒྲིག་གཞི་ཚུ་དང་བསྟུན་ ལཱ་འབད་ནི་མེདཔ་ཨིན་པས།
སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ གཞུང་གི་འཆར་གཞི་དང་འཁྲིལ་བ་ཅིན་ ཆུ་འཛིན་སྐྱོང་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིནམ་ལས་ ལྟེ་བ་དེ་གིས་ བཅའ་ཁྲིམས་དང་ སྒྲིག་གཞི་ བསྟར་སྤྱོད་འབད་མ་ཚུགས་པའི་དཀའ་ངལ་ཚུ་ གདོང་ལེན་འབད་ནི་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ ཆུའི་སྐོར་ལས་བྱ་སྟབས་མ་བདེཝ་ཡོད་མི་ཚུ་ཡང་ སེལ་ཚུགས་པའི་གོ་སྐབས་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *