ཆུ་ཞིང་ནང་ ཧེ་མ་ལས་ རྐྱབ་སྟེ་ཡོད་མི་ སྡོད་ཁྱིམ་ཚུ།

རོ་ལོང་གཡུས་ཚན་གྱི་ ཆུ་ཞིང་ནང་ ཁྱིམ་རྐྱབ་མི་ཚུ་ བཀག་འཛིན་འབད་ཡོདཔ།

༉ མོང་སྒར་ན་རང་རྒེད་འོག་ རོ་ལོང་གཡུས་ཚན་གྱི་ ཆུ་ཞིང་ནང་ གཞུང་ལས་གནང་བ་མེད་པར་ ཁྱིམ་གསརཔ་བཟོ་སྐྲུན་འབད་མི་དེ་ བཀག་འཛིན་འབད་ཐོག་ ད་ལྟོ་ ཞིབ་དཔྱད་ཚུ་འབད་བའི་ བསྒང་ཡོདཔ་ཨིན་པས།
རྫོང་ཁག་ས་འཇལ་སྡེ་ཚན་གྱིས་ སླབ་མིའི་ནང་ རྒེད་འོག་གྱི་མི་སེར་ཚུ་ལུ་ ས་དང་འབྲེལ་བའི་ སྐལ་བགོ་དང་ ཞབས་ཏོག་ཚུ་ བྱིན་པའི་སྐབས་ མི་ཚུ་གིས་ ཆུ་ཞིང་ཚུ་ནང་ ཁྱིམ་གསརཔ་རྐྱབ་པའི་བསྒང་ཡོདཔ་མ་ཚད་ ཧེ་མ་ལས་ རྐྱབ་མི་ཚུ་ཡང་ གཞུང་ལས་ གནང་བ་མིན་འདུག་ཟེར་ཨིན་པས།
དུས་ཅི་གི་ལོ་ འགོ་བཙུགསཔ་ཅིག་ཁར་ ན་རང་རྒེད་འོག་གི་ དམངས་མི་ཀུན་བཟང་ཚེ་རིང་གིས་ ཁོ་རའི་མིང་ཐོ་ལུ་ཡོད་པའི་ ཆུ་ཞིང་ནང་ སྔོན་མ་ལས་ ཕམ་ཚུ་གིས་རྐྱབ་མི་ སྦ་སྒོར་རྙིངམ་དེ་ མེདཔ་ཐལ་སོ་ནི་དེ་ གིས་ བརྡལ་བཏང་ཞིནམ་ལས་ བཅོ་ཁ་རྐྱབ་ནི་དང་འབྲེལ་ ཁྱིམ་རྐྱབ་ཡོདཔ་ཨིན་པས།
སའི་ཇོ་བདག་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ གཞུང་ལུ་ གུས་ཞབས་དང་ བརྩི་བཀུར་མེདཔ་མེན་པར་ ཁོ་རའི་བཟའ་ཚང་ཚུ་ སྐྱོང་སྡོད་ཐབས་ལུ་ སྐམ་ཞིང་དང་ ཧེ་མ་ལས་ སྡོད་ཁྱིམ་མེད་པའི་ དཀའ་ངལ་སེལ་ཐབས་ ལུ་ ལག་ཁྲམ་ནང་ཡོད་པའི་ས་དང་ ཧེ་མ་ལས་ཡོད་པའི་ སྦ་སྒོར་བརྡལ་ཞིནམ་ལས་ བཅོ་ཁ་རྐྱབ་ཅི་ཟེར་ ཨིན་པས།
ཀུན་བཟང་ཚེ་རིང་དང་འཁྲིལ་བ་ཅིན་ རྡོ་རང་ས་གནས་ནང་ཡོད་པའི་ ཆུ་ཞིང་ཚུ་ནང་ སའི་ཇོ་བདག་ཚུ་གིས་ རང་ ལུགས་ཀྱི་ཁྱིམ་ ཐོག་༢ འབད་མི་ཚུ་ཡང་ ལ་ལོ་ཅིག་གསརཔ་དང་ མང་ཤོས་ཅིག་ ཧེ་མ་ལས་ བཟོ་སྐྲུན་འབད་ ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀུན་བཟང་ཚེ་རིང་གིས་ རྒེད་འོག་གི་ གཞུང་ལམ་ཟུར་ཁར་ ཁྱིམ་བཟོ་སྐྲུན་འབདཝ་ད་ ཆུ་ཞིང་དུམ་གྲ་ཅིག་ལས་བརྒལ་ མ་ཚུདཔ་ཨིན་རུང་ ཁྱིམ་གྱི་གཞི་འགྱམ་དེ་ རྩི་ས་དང་ ལྕགས་ཚུ་བཙུགས་ཏེ་ བཟོ་ཡོདཔ་མ་ཚད་ འོག་ཐོག་གི་ རབ་གསལ་ཡང་ ལྷོང་ཡོདཔ་ཨིན་པས།
ན་རང་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ དམངས་མི་གིས་ ཁྱིམ་གསརཔ་རྐྱབ་པའི་སྐོར་ལས་ རྒེད་ འོག་ལུ་ སྙན་ཞུ་མ་འབདཝ་མ་ཚད་ གཡུས་མི་ཚུ་གིས་ཡང་ ཉོགས་བཤད་བཀོད་མི་ ག་ཡང་མ་ཐོནམ་ལས་ ཤེས་རྟོགས་འབྱུང་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་ གནད་དོན་དེ་གི་སྐོར་ལས་ སྙན་ཞུ་འབད་དགོཔ་སྦེ་ཨིནམ་ད་ ཡིག་ཚང་བཀའ་རྒྱ་ལྷོདཔ་ཅིག་ བཟོ་སྐྲུན་གྱི་ལཱ་ཚུ་ བཀག་འཛིན་འབད་ཡི་ཟེར་ཨིན་པས།

ཆུ་ཞིང་ནང་ བཟོ་སྐྲུན་འབད་མ་ཆོག་པར་ བཀག་འཛིན་འབད་བཞག་མི་ཁྱིམ།

རྒཔོ་གིས་སླབ་མི་དང་འཁྲིལ་བ་ཅིན་ ཀུན་བཟང་ཚེ་རིང་གི་ མིང་ཐོ་ལུ་ སྐམ་ཞིང་དང་ ཁྱིམ་མེད་པའི་ཁར་ ལག་ཁྲམ་ཡང་ ཆུ་ཞིང་ཌེ་སི་མཱལ་༡༧ ལས་བརྒལ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༨༠ གྱ་གྲངས་ནང་འབད་མི་ མཆོད་རྟེན་སྒྲོལ་མ་གིས་ སླབ་མིའི་ནང་ ཆུ་ཞིང་ནང་ སྦ་ སྒོར་ཆུང་ཀུ་དེ་ འདས་པའི་ལོ་ངོ་༣༠ དང་༤༠ གི་ ཧེ་མ་ལས་ར་རྐྱབ་སྟེ་ རེད་བསྲུང་ནི་དང་ ནོར་འཚོ་བའི་སྐབས་ གནམ་བྱཱར་དགུན་མེད་པར་སྡོད་ནིའི་ གནས་སྐབས་ཀྱི་ ཁྱིམ་བཟུམ་ཅིག་སྦེ་ ལག་ལེན་འཐབ་སྡོད་ཅི་ཟེར་ཨིན་པས།
དེ་བསྒང་ སྦ་སྒོར་དང་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་སྐབས་ གཞུང་དང་ རྫོང་ཁག་ལས་ བཟོ་སྐྲུན་འབད་མ་ཆོགཔ་ དང་ ཁྲིམས་ལས་འགལ་བ་ཨིན་པའི་སྐོར་ལས་ ཉོགས་བཤད་བཀོད་མི་ མ་འཐོན་ཟེར་ཨིན་པས།
དེ་བཟུམ་སྦེ་ རོ་ལོང་ལུ་ཡོད་པའི་ ཆུ་ཞིང་གི་ཇོ་བདག་༣༡ གིས་ རྫོང་ཁག་བདག་སྐྱོང་ལུ་ཕུལ་མི་ ཞུ་ཡིག་དང་ འཁྲིལཝ་ད་ ཆུ་ཞིང་ནང་ བཟོ་སྐྲུན་འབད་མི་ཁྱིམ་ཚུ་ ནམ་བརྡལ་གཏང་ནི་ཨིན་ན་ ངག་བརྗོད་དགོཔ་སྦེ་ རྒེད་ འོག་བདག་སྐྱོང་ལས་ ཁྱབ་བསྒྲགས་ལྷོད་ཅི་ཟེར་ཨིན་པས།
གུང་པ་༣༡ གིས་ རྫོང་ཁག་བདག་སྐྱོང་ལུ་ཕུལ་མི་ ཞུ་ཡིག་དང་འཁྲིལ་བ་ཅིན་ ད་ལྟོ་ཡོད་མི་ཁྱིམ་ཚུ་ ད་རེས་ ནངས་པར་ བཟོ་སྐྲུན་མ་འབད་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༩༦༨ ལུ་ སྤང་ཞིང་སྦེ་ བཟའ་སྤྱོད་འབད་བའི་ཁར་ སྤྱི་ལོ་༡༩༧༢ ལུ་ ནོར་འཚོ་སྡོད་ཡོདཔ་ལས་ ནོར་གྱི་བྱང་ས་ཟེར་ སྦ་སྒོར་བཟོ་སྐྲུན་འབདཝ་ཨིན་ཟེར་བཀོད་ནུག།
སྤྱི་ལོ་༡༩༨༠ ལུ་ སྤང་ཞིང་དེ་ ཆུ་ཞིང་གུ་ བསྒྱུར་བཅོས་འབད་ཡོདཔ་མ་ཚད་ ཆུ་ཞིང་བདག་འཛིན་འབད་དེ་ གནམ་བྱཱར་དགུན་མེད་པར་ ལྕང་ལཱ་རྐྱབ་པའི་ཁར་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་སྐབས་ ཁྱིམ་དེ་ ལག་ལེན་འཐབ་དོ་ཡོདཔ་ལས་ སྐྱིད་སྡུག་གཟིགས་དགོཔ་སྦེ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་བདག་སྐྱོང་ལུ་ཕུལ་མི་ སྙན་ཞུའི་ནང་ ཧེ་མ་ལས་ གཡུས་ཚན་དེ་གི་དོན་ལུ་ གློག་མེའི་མཐུན་རྐྱེན་དང་ འཐུང་ཆུ་ དེ་ལས་ གསང་སྤྱོད་ཚུ་ཡང་ གསོ་བའི་ཁ་ཐུག་ལས་ སྤྲོད་དེ་འདུག་ཟེར་ ཨིན་པས།
རྫོང་ཁག་ས་འཇལ་སྡེ་ཚན་ལས་ འགོ་དཔོན་ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ དམངས་མི་ཀུན་བཟང་ཚེ་རིང་ གིས་ ཆུ་ཞིང་ནང་ ཁྱིམ་རྐྱབ་མི་དེ་ ཞིབ་དཔྱད་འབད་བའི་སྐབས་ ཁོ་གི་མིང་ཐོ་ལུ་ སྐམ་ཞིང་དང་ ཁྱིམ་སོགས་ མེད་པའི་ སྒྲུབ་བྱེད་ཐོན་ཡོད་རུང་ ཆུ་ཞིང་ནང་ ཁྱིམ་བཟོ་སྐྲུན་འབད་ནི་ཨིན་པ་ཅིན་ ཁྱིམ་ས་དེ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་དགོཔ་ཨིན་ཟེར་ཨིན་པས།
ཀུན་བཟང་ཚེ་རིང་གིས་ ཆུ་ཞིང་ནང་ བཟོ་སྐྲུན་འབད་མི་ཁྱིམ་དེ་ ད་ལྟོ་ བཀག་འཛིན་འབད་ཡོདཔ་བཞིན་དུ་ ད་རེས་ ཁྱིམ་ས་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལས་ རྫོང་ཁག་བདག་སྐྱོང་ནང་ སྙན་ཞུ་ཕུལ་ཡོད་པའི་ཁར་ རྫོང་ཁག་ས་འཇལ་སྡེ་ཚན་གྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།

རོ་ལོང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *