༉ ཁ་ཙ་ ཐིམ་ཕུག་རོ་ཊ་རི་ཀ་ལབ་ཀྱིས་ མིག་ཏོ་དང་ ལྷ་པའི་ནད་གཞི་ བརྟག་དཔྱད་འབད་ནིའི་དོན་ལུ་ འཕྲུལ་ཆས་༣ དང་ ལས་བྱེདཔ་ཚུ་ མཁས་རིག་སྦྱང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༦༧༢ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ གྲོགས་རམ་འབད་བྱིན་ཡི།
དེ་ཡང་ ཀ་ལབ་སྡེ་ཚན་གྱིས་ ལྷ་པ་དང་འབྲེལ་བའི་ ནད་གཞི་བརྟག་དཔྱད་འབད་ནིའི་དོན་ལུ་ འཕྲུལ་ཆས་༣ ལུ་ གོང་ཚད་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༧.༨༠༣ གནས་མི་དང་ མཁས་རིག་གི་ གྲོགས་རམ་བརྩིས་པའི་ ཡོངས་འབོར་ལུ་ གྲོགས་རམ་དངུལ་ཀྲམ་ས་ཡ་༡༠.༤༧༥ བྱིན་ཡོདཔ་ཨིན་པས།
ཀ་ལབ་སྡེ་ཚན་ཚུ་ འབྲུག་དང་ ནེ་པཱལ་རོ་ཊ་རི་ དེ་ལས་ ཏའི་ཝན་རོ་ཊ་རི་ཀ་ལབ་༣ གྱིས་ གྲོགས་རམ་འབད་བའི་ཁར་ སྤྱིར་བཏང་ཀ་ལབ་སྡེ་ཚན་གྱིས་ ཤེས་རིག་དང་ གསོ་བ་ དེ་ལས་ སོ་ནམ་ལས་སྡེ་ཚུ་ལུ་ གྲོགས་རམ་འབད་དོ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ བཤད་མའི་ནང་ རིན་གོང་སྦོམ་གནས་པའི་ འཕྲུལ་ཆས་ཚུ་ གསོ་བའི་ལྷན་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ གྲོགས་རམ་སྦེ་བྱིན་མི་ལུ་ གཞུང་གི་ཁ་ཐུག་ལས་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཨིནམ་ད་ འཕྲུལ་ཆས་དེ་གིས་ སྤུས་ཚད་ཅན་གྱི་ གསོ་བའི་ཞབས་ཏོག་བྱིན་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མིག་ཏོ་དང་ ལྷ་པ་ དེ་ལས་ ལྐོདམ་གི་ བརྟག་དཔྱད་ལས་ཁུངས་ རྒྱ་སྐྱེད་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ འབྲུག་པའི་ནདཔ་ཚུ་ རྒྱལ་ཁབ་ནང་ར་ སྨན་བཅོས་འབད་ཚུགས་ནི་མས་ཟེར་ཨིན་པས།
ཀ་ལབ་སྡེ་ཚན་གྱི་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ གོང་ཚད་སྦོམ་གནས་པའི་འཕྲུལ་ཆས་ གྲོགས་རམ་བྱིན་མི་གིས་ གསོ་བའི་ལྷན་ཁག་གི་ དགོས་མཁོ་སྒྲུབ་ཚུགས་པའི་ཁར་ ཟད་འགྲོ་མར་ཕབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཀ་ལབ་སྡེ་ཚན་གྱི་ ཁྲི་འཛིན་ ཌོག་ཊར་ ཕུརཔ་ཚེ་རིང་གིས་ སླབ་མིའི་ནང་ གྲོགས་རམ་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་དེ་ མིག་ཏོ་དང་ ལྷ་པ་ དེ་ལས་ ལྐོདམ་གི་ནད་གཞི་ཚུ་ དེང་སང་གི་ འཕྲུལ་རིག་གི་ཐོག་ལས་ སྨན་བཅོས་ཐོབ་ཚུགསཔ་བཟོ་ནི་འདི་ཨིནམ་ད་ ལས་ཁུངས་ཀྱིས་ ཧེ་མ་ཡང་ ནང་ཁོང་བརྟག་དཔྱད་ཀྱི་འཕྲུལ་ཆས་ཅིག་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ཀ་ལབ་སྡེ་ཚན་གྱིས་ ད་ཚུན་ལུ་ སོ་ནམ་པའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ གནས་པའི་ མཁོ་ཆེ་བའི་ ཅ་ཆས་ཀྱི་ གྲོགས་རམ་འབད་ཡི་ཟེར་ཨིནམ་ད་ ཆུ་ཁ་རྫོང་ཁག་ནང་འབད་བ་ཅིན་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣.༤༥ གྲོགས་རམ་སྦེ་ བྱིན་ཡི་ཟེར་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ སློབ་གྲྭ་ཚུ་ནང་ ཤེས་རིག་གི་སྤུས་ཚད་ ཡར་རྒྱས་གཏང་ནིའི་དོན་ལུ་ སློབ་དཔོན་༧ ལུ་ ཤེས་ཡོན་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ཡོདཔ་ལས་ ད་ཚུན་ལུ་ གྲོགས་རམ་མང་ཤོས་ར་ གསོ་བའི་ལས་སྡེ་ལུ་ འབད་ཡི་ཟེར་ཨིན་པས།
ཐིམ་ཕུག་རོ་ཊ་རི་ཀ་ལབ་དེ་ སྤྱི་ལོ་༢༠༡༢ ལུ་ གཞི་བཙུགས་འབད་ཡོདཔ་ད་ སྡེ་ཚན་ནང་ འཐུས་མི་༢༢ ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།