སང་ཕོད་སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ཚུགས་ནི་ཨིན་མི་ རེད་འཕེལ་དང་ ཀོ་ཤ་ལའི་ཕྲང་ལམ།

རེད་འཕེལ་དང་ ཀོ་ཤ་ལའི་ཕྲང་ལམ་ སང་ཕོད་སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ཚུགས་ནི།

ཀྲོང་གསར་ གླང་མཐིལ་རྒེད་འོག་ནང་ རེད་འཕེལ་-ཀོ་ཤ་ལ་ ཕྲང་ལམ་བསལ་ནིའི་ ལཱ་ཚུ་མཇུག་བསྡུ་ཡོདཔ་ལས་ སྤྱི་ལོ་༢༠༡༩ གི་ཟླཝ་༢ པའི་ནང་ སྣུམ་འཁོར་ཚུ་ ལམ་དེ་ཁར་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་པས།

ཀི་ལོ་མི་ཊར་༡༦ འབད་མི་ ཕྲང་ལམ་བསལ་ནིའི་ལཱ་ཚུ་ཡང་ དུས་ཅི་སྤྱི་ཟླ་༦ པའི་ནང་ བསལ་ཚར་བའི་ཁར་ འཁོར་ལམ་དེ་གུ་ རྩི་ནག་ཚུ་ཡང་ བཏང་ཚར་ཡོད་རུང་ ད་རེས་ནངས་པར་ ཕྲང་ལམ་དེ་ནང་ ཟམ་༢ ཀྱི་བཟོ་སྐྲུན་ལཱ་ཚུ་ འབད་བའི་བསྒང་འདུག།

ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ཕྲང་ལམ་དེ་ནང་ ཟམ་༢ ཀྱི་བཟོ་སྐྲུན་འབད་བའི་བསྒང་ཡོདཔ་བཞིན་དུ་ དང་དུང་རོང་ཆུའི་ཟམ་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་དང་ གཡུར་མུང་གི་ ཟམ་དེ་ སང་ཕོད་སྤྱི་ཟླ་དང་པའི་ནང་ མཇུག་བསྡུ་ཚུགས་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མ་གཞི་ ཀི་ལོ་མི་ཊར་༡༦ འབད་མི་ འཁོར་ལམ་བསལ་ནི་དང་ རྩི་ནག་གཏང་ནིའི་ དུས་ཡུན་དེ་ཡང་ སྤྱི་ཟླ་༡༠ པ་ཚུན་ཨིན་རུང་ ཁག་འབགཔ་ཚུ་གིས་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ མཇུག་བསྡུ་སྟེ་ ལས་ཁུངས་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ དང་དུང་རོང་ཆུ་ཟམ་དེ་ བརྒྱ་ཆ་༩༧ དང་ གཡུར་མུང་གི་ཟམ་དེ་ བརྒྱ་ཆ་༨༠ དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་པས།

ཡུར་མུང་ཟམ་དེ་ཡང་ གཞི་འགྱམ་གྱི་ལཱ་ཚུ་ མཇུག་བསྡུ་ཡོདཔ་ལས་ ལྕགས་བཙུགས་ནི་ ལཱ་རྐྱངམ་གཅིག་ ལུས་ཏེ་ཡོད་ཟེར་ཨིནམ་ད་ དང་དུང་ཟམ་ནང་ ད་རེས་ རྩི་སའི་ལཱ་འབད་མི་ཚུ་ཡང་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་ མཇུག་བསྡུ་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོད་ཟེར་ཨིན་པས།

ཀྲོང་གསར་དང་ གཞལམ་སྒང་གཞུང་ལམ་ ཀི་ལོ་མི་ཊར་༡༧ དེ་ཅིག་ ཐུང་ཀུ་འགྱོ་མི་ སྣུམ་འཁོར་༢ ཤོང་ཚུགས་པའི་ ཕྲང་ལམ་དེ་ཡང་ གླང་མཐིལ་གཡུས་ཚན་བརྒྱུད་དེ་ གཡུང་དྲུང་ཆོས་གླིང་ དེ་ལས་ དང་དུང་ཚུན་ འགྱོ་དོ་ཡོདཔ་ཨིན་པས།

འཁོར་ལམ་དང་ ཟམ་ཚུ་ཡང་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ས་ཡ་༡,༢༤༠ གྲོགས་རམ་ཐོག་ལས་ བཟོ་སྐྲུན་འབད་མིའི་གྲས་ལས་ ད་རེས་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ ལུས་ཡོདཔ་ཨིན་པས།

ཟམ་བཟོ་སྐྲུན་འབད་མི་ ས་གནས་ཁ་ ཁག་འབག་ལས་སྡེའི་ ལས་འགུལ་འགོ་དཔོན་ བཀྲིས་རབ་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ དང་དུང་ཟམ་ནང་ རྩི་སའི་ལཱ་ཚུ་འབད་དོ་ཡོདཔ་ལས་ སང་ཕོད་ཟླ་དང་པའི་ མཇུག་བསྡུ་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཟམ་གུ་ལས་ ལྕགས་འཐིང་ནི་རྐྱངམ་གཅིག་ལུས་ཡོདཔ་ལས་ སང་ཕོད་ སྤྱི་ཟླ་༣ པའི་ནང་འཁོད་ལུ་ མཇུག་བསྡུ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ འཁོར་ལམ་སེལ་བའི་སྐབས་ བྱག་གཟར་དྲགས་ཡོད་མི་ལུ་བརྟེན་ དུས་ཚོད་ཡུན་འགྱངས་འགོར་ནུག་ཟེར་ཨིནམ་ད་ གལ་སྲིད་ ཕྲང་ལམ་དེ་ སེལ་ཚར་བའི་བསྒང་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ ཐུང་ཀུ་འགྱོ་ནི་ཨིནམ་བཞིན་དུ་ ལམ་དེ་གིས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།

ཕྲང་ལམ་དེ་ཡང་ ཧེ་མ་ བརྟག་ཞིབ་འབད་མི་ལས་ མི་ཊར་༢༠༠ དེ་ཅིག་ ཡར་སེང་སོང་སྟེ་ཡོདཔ་ད་ ད་རེས་ རེད་འཕེལ་ལས་ གླང་མཐིལ་འཁོར་ལམ་དེ་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་ སྣུམ་འཁོར་ཚུ་གིས་ མེདཔ་བཏང་སྟེ་ གནས་སྟངས་སྐྱོ་དྲག་སོང་ཡོདཔ་ཨིན་པས།

སྣུམ་འཁོར་དེད་གཡོགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ རེད་འཕེལ་ལས་ གླང་མཐིལ་ཚུན་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་ཡོདཔ་ལས་ ཕྲང་ལམ་དེ་ མགྱོགས་པར་བསྡུ་ཚུགས་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིན་པས།

ཕྲང་ལམ་བསལ་ནིའི་ ལཱ་ཚུ་ཡང་ སྤྱི་ལོ་༢༠༡༢ ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

གླང་མཐིལ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *