རེ་བ་བསྐྱེད་མི་དང་བསྟུན་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

ཀྲོང་གསར་རྫོང་ཁག་ལས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༢ ཀྱིས་ བཤད་མིའི་ནང་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལས་ སྤྱིར་བཏང་བཙག་འཐུ་ནང་ རྒྱལ་ཁ་འཐོབ་ནི་ལུ་ བློ་བདེ་ཏོག་ཏོ་སྦེ་ར་ སྡོད་ཅི་ཟེར་ཨིན་པས།

ནུབ་སྦིས་-སྟང་སི་སྦྱིས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཡེ་ཤེས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་ར་ སྤྱི་ལོ་༢༠༡༣ གྱི་ འགོ་ཐོག་བཙག་འཐུ་ནང་ ཚོགས་པ་དེ་ བཙག་འཐུ་གྲུབ་མ་ཚུགས་པའི་ཤུལ་ལས་ ཁོ་གིས་ འདེམས་ཁོངས་ནང་ ལོ་༦ དེ་ཅིག་ མི་སེར་ཚུ་དང་འབྲེལ་བ་འཐབ་སྟེ་ སྡོད་ཅི་ཟེར་ཨིན་པས།

མང་སྡེཔ་ཚུ་གིས་ བཤད་མིའི་ནང་ ཡེ་ཤེས་དཔལ་འབྱོར་གྱིས་ སྤྱི་ལོ་༢༠༡༣ བཙག་འཐུ་ནང་ ཚོགས་པའི་ལྟ་བ་དང་ འདེམས་ངོའི་སྐོར་ལས་ མི་ཚུ་གིས་ ལེགས་ཤོམ་སྦེ་ གོ་རྟོགས་མེདཔ་ལས་ བཙག་འཐུ་འགྲུབ་མ་ཚུགས་རུང་ སེམས་མ་ཤི་བར་ ལཱ་རྩ་འགེངས་ཏེ་འབད་བའི་ གྲུབ་འབྲས་ཅིག་ཨིན་ཟེར་ཨིན་པས།

མ་གཞི་ཁོ་ར་ བཙག་འཐུ་ལས་བརྒལ་བའི་ ལཱ་འབད་མི་ལུ་བརྟེན་ རྫོང་ཁག་བཙག་འཐུ་རྙོགས་སེལ་ལས་སྡེ་གིས་ ཉེས་ཆད་དང་ དྲན་བསྐུལ་འབད་མིའི་ཐད་ཁར་ ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་གིས་ གྲུབ་འབྲས་ལུ་ གནོད་པ་མེན་པར་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།

ནུབ་སྦྱིས་-སྟང་སི་སྦྱིས་འདེམས་ཁོངས་ནང་ ཚོགས་རྒྱན་བཙུགས་སའི་ ས་གོ་༡༡ ཡོད་པའི་གྲས་ལས་ ཡེ་ཤེས་དཔལ་འབྱོར་གྱིས་ སྐེ་ལ་སློབ་གྲྭ་དང་ ཉ་ལ་བྲང་ལ་ དེ་ལས་ སྟང་སི་སྦྱིས་ཚོགས་རྒྱན་བཙུགས་སའི་ ས་གོ་རྐྱངམ་གཅིག་ལས་ ཚོགས་རྒྱན་མངམ་ཐོབ་ནུག།

ཁོ་གིས་ ཚང་ཁ་ཚོགས་རྒྱན་ས་ཁོངས་ལས་་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དངོས་གྲུབ་བཟང་པོ་༢ ཚོགས་རྒྱན་༣༣ འདྲན་འདྲ་ཐོབ་ཡོདཔ་ཨིན་པས།

ས་གོ་དེ་ནང་ལས་ འགོ་ཐོག་བཙག་འཐུ་སྐབས་ལུ་ཡང་ འདེམས་ངོ་༢ ཀྱིས་ ཚོགས་རྒྱན་འདྲན་འདྲ་ཐོབ་ཡོདཔ་ད་ ཡེ་ཤེས་དཔལ་འབྱོར་གྱིས་ དཀར་གཞོང་དང་ ལྗོངས་ཐང་ཚོགས་རྒྱན་ བཙུགས་སའི་ས་གོ་ལས་ དོ་འགྲན་འབད་མི་གཞན་མི་ལས་ ཚོགས་རྒྱན་མངམ་ཐོབ་ནུག།

དངོས་གྲུབ་བཟང་པོ་གིས་ དཀར་གཞོང་ལས་ ཚོགས་རྒྱན་བཙུགས་སའི་ས་གོ་ལས་ ཚོགས་རྒྱན་༢༧ དང་ ལྗོངས་ཐང་ལས་༤༠ ལས་བརྒལ་ཐོབ་མི་དེ་གིས་ ཚོགས་རྒྱན་ཁྱད་པར་ སྦོམ་བཟོ་ནུག།

ཡེ་ཤེས་དཔལ་འབྱོར་གྱིས་ འགྲེམ་ཐོག་ཚོགས་རྒྱན་༦༩༥ དང་ འཕྲུལ་ཆས་ཚོགས་རྒྱན་༩༨༢ བརྩིས་ཏེ་ ཚོགས་རྒྱན་༡,༦༧༧ ཐོབ་ཡོདཔ་ཨིན་པས།

དངོས་གྲུབ་བཟང་པོ་གིས་ ཡེ་ཤེས་དཔལ་འབྱོར་ལས་ ཚོགས་རྒྱན་༡༤༠ གིས་ ཕམ་སོཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༦༡༡ བརྩིས་ཏེ་ ཚོགས་རྒྱན་༡,༥༣༧ ཐོབ་ཡོདཔ་ཨིན་པས།

སྟང་སི་སྦྱིས་རྒེད་འོག་དང་ཕྱདཔ་ད་ ནུབ་སྦིས་རྒེད་འོག་ནང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ མངམ་ཡོདཔ་ད་ ཁོ་གིས་ དཀར་གཞོང་ཚོགས་རྒྱན་ བཙུགས་ས་ལས་ ཚོགས་རྒྱན་༢༧ ལས་བརྒལ་ ཐོབ་མ་ཚུགས་པས།

དངོས་གྲུབ་བཟང་པོ་གིས་ བེམ་སྦྱིས་དང་ སྦྱིས་སློབ་གྲྭ་ ཤེས་རབ་གླིང་སློབ་གྲྭ་ལྟེ་བའི་ དེ་ལས་ སྲིན་ཕུག་ལས་ ཚོགས་རྒྱན་ས་ཁོངས་ལས་ ཚོགས་རྒྱན་མངམ་ཐོབ་ཡོདཔ་བཞིན་དུ་ འགོ་ཐོག་བཙག་འཐུ་ནང་ཡང་ ཁོ་གིས་ ས་ཁོངས་དེ་ནང་ལས་ ཚོགས་རྒྱན་མངམ་ ཐོབ་ཡོདཔ་ཨིན་པས།

ཀྲོང་གསར་ཚུ་གིས་ དངོས་གྲུབ་བཟང་པོ་ལུ་ ཉམས་མྱོང་ཅན་གྱི་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་སྦེ་ བརྩི་འཇོག་འབད་མི་དེ་ཡང་ ཚོགས་ཁང་ནང་ དགོས་མཁོ་དང་འཁྲིལ་ཏེ་ དྲི་བཀོད་འབད་མི་ལུ་བརྟེན་ཨིན་པས།

ཨིན་རུང་ མང་སྡེཔ་ལ་ལོ་གིས་ འཐུས་མི་སྦེ་ ཕྱག་ཞུ་བའི་སྐབས་ འདེམས་ཁོངས་ནང་ ལཱ་ལེགས་ཤོམ་ཅིག་ མ་འབད་བའི་སྐོར་ལས་ཡང་ ཤེས་ནི་ཡོདཔ་ད་ ལ་ལོ་གིས་འབད་བ་ཅིན་ ཁོ་གིས་ ཁས་བླངས་འབད་མི་ཚུ་ཡང་ གྲུབ་མ་ཚུགས་པར་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

སྦྱིས་ལས་ སྐྱེས་ལོ་༣༠ ལང་མི་ སྐལ་བཟང་ལྷ་སྒྲོན་གྱིས་ སླབ་མིའི་ནང་ སྦྱིས་དགོན་པ་ལུ་ འཁོར་ལམ་བཏོན་ནི་སྦེ་ ཁས་བླངས་འབད་ཡད་མི་ཚུ་ གྲུབ་མ་ཚུགས་པའི་ཁར་ འབྱ་ཞིང་ནང་ གློག་མེ་ཡང་ བཀྲམ་སྤེལ་འབད་མ་བྱིན་ཟེར་ཨིན་པས།

སྟངས་སི་སྦྱིས་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ དངོས་གྲུབ་བཟང་པོ་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་ གོ་སྐབས་བྱིན་ཡོདཔ་ལས་ གཞུང་གསརཔ་བསྐོས་ནི་ལུ་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདས་པའི་ལོ་༡༠ གྱི་རིང་ལུ་ འདེམས་ཁོངས་ནང་ འགྱུར་བ་ག་ནི་ཡང་ འབག་མ་ཚུགས་ཟེར་ཨིནམ་བཞིན་དུ་ མི་སེར་ཚུ་གིས་འབད་རུང་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་ མི་མཉམ་ཆུང་ལུ་ ཕན་པའི་ཚུ་ཡོདཔ་ལས་ མི་ཚུ་གི་ སེམས་གྱུར་ནུག་ཟེར་ཨིན་པས།

བྲག་སྟེང་- གླང་མཐིལ་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ མགོནམ་རྡོ་རྗེ་གིས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྣམ་རྒྱལ་ལས་ ཚོགས་རྒྱན་༧༣ གྱིས་ རྒྱལ་ཁ་ཐོབ་ནུག།

མགོནམ་རྡོ་རྗེ་གིས་ བསམ་ཆོས་གླིང་སློབ་གྲྭ་དང་ སྟག་རྩེ་སློབ་གྲྭ་ལྟེ་བ་ དེ་ལས་ ན་སྦིས་སློབ་གྲྭའི་ ཚོགས་རྒྱན་ས་ཁོངས་མ་གཏོགས་ ཚོགས་རྒྱན་མངམ་ ཐོབ་མ་ཚུགས་པས།

ཁོ་གིས་ ཁོ་རའི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ བསམ་ཆོས་གླིང་སློབ་གྲྭ་ལས་ ཚོགས་རྒྱན་༣༤༦ ཐོབ་ཡོདཔ་ད་ ཨོ་རྒྱན་རྣམ་རྒྱལ་གྱིས་༡༣༢ ལས་བརྒལ་ ཐོབ་མ་ཚུགས་ད་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་སའི་ ས་གོ་༡༡ ཡོདཔ་ཨིན་པས།

མགོནམ་རྡོ་རྗེ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་ལས་ སྤྱིར་བཏང་བཙག་འཐུ་ནང་ བློ་བདེ་ཏོག་ཏོ་སྦེ་ཡོད་རུང་ གྲུབ་འབྲས་བཏོནམ་ད་ དོའགྲན་ཅན་དང་ ཕྱི་གྱུར་ཡར་སོ་ནུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ བྱང་ཕྱད་ལས་ ཚོགས་རྒྱན་མངམ་གི་ རྒྱལ་ཁ་འཐོབ་ནི་ལུ་ རེ་བ་བསྐྱེད་སྡོད་ཅི་ཟེར་ཨིན་པས།

བསམ་ཆོས་གླིང་ལས་ སྐྱེས་ལོ་༤༧ ལང་མི་ སྐལ་བཟང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་དེ་ནང་ལས་ གནད་དོན་ག་ཅི་ལུ་བརྟེན་ རྒྱལ་ཁ་ཐོབ་ཡོདཔ་ཨིན་ན་ མ་ཤེས་རུང་ ཚོགས་པའི་ལྟ་བ་དང་ གཞི་རྩ་ལུ་བརྟེན་ ཐོབ་དོ་བཟུམ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་གྱིས་ མི་སེར་ཚུ་དང་ ཕྱད་པའི་སྐབས་ ཐིམ་ཕུག་ནང་ཡོད་མི་ སྨན་ཁང་གི་ ཞབས་ཏོག་དེ་ རྫོང་ཁག་དང་ རྫོང་ཁག་གི་ སྨན་ཁང་གི་ ཞབས་ཏོག་དེ་ རྒེད་འོག་གི་གནས་ཚད་ནང་ འབག་ནི་སླབ་མི་ལུ་བརྟེན་ མི་སེར་ཚུ་གི་ སེམས་འགྱུར་འགྱུརཝ་མེད་ན་ཟེར་ཨིན་པས།

མ་གཞི་ མགོནམ་རྡོ་རྗེ་གིས་ ཚོགས་རྒྱན་འཕྲུལ་ལས་ འབྲུག་ཕུན་སུམ་ཚོགས་པ་ལས་ ཕམ་སོ་རུང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༧༧༦ ཐོབ་མི་ལུ་བརྟེན་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

བྲག་སྟེང་གི་ མི་ཚུ་གིས་ སླབ་མིའི་ནང་ མགོནམ་རྡོ་རྗེ་ཁོ་ར་ རྒྱལ་ཡོངས་ཚོགས་སྡེ་ནང་ཡང་ བཅའ་མར་གཏོགས་མི་ལུ་བརྟེན་ བསམ་ཆོས་གླིང་ལས་ རྒྱལ་ཁ་འཐོབ་ནི་ལུ་ ཁེ་ཕན་བྱུང་མི་དེ་ཡང་ རྒེད་འོག་དེ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༡༠༡ དེ་ཅིག་ ཡོད་མི་ལུ་བརྟེན་ཨིན་པས།

ཨོ་རྒྱན་རྣམ་རྒྱལ་གྱིས་ འདེམས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༡༡ ཡོད་མི་ལས་ ས་ཁོངས་༨ ནང་ ཁོ་གིས་ ཚོགས་རྒྱན་མངམ་ཐོབ་ཡོདཔ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་༥༨༢ བརྩིས་ཏེ་ ཚོགས་རྒྱན་༡,༣༢༤ ཐོབ་ཡོད་པའི་གནས་ཚུལ།

ཀྲོང་གསར་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *