རིམ་མང་ལམ་ལུགས་ལུ་བརྟེན་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ བརྡ་དོན་འཐོབ་ནི་ལུ་གདོང་ལེན།

༉ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ ཉེན་འཚུབས་ཀྱི་ ཉམས་རྒུད་མ་འབྱུང་པའི་ཁར་ ཚེ་སྲོག་ལུ་ ཉེན་ཁ་ཆེ་བའི་གནས་སྟངས་ཡང་ མ་འབྱུང་སྟེ་འབད་རུང་ དུས་རྒྱུན་གྱི་ གནས་ཚུལ་བསྡུ་བཀོད་དང་འབྲེལ་བའི་ ལཱ་ཚུ་འབད་བའི་སྐབས་ དེ་དང་བསྟུན་པའི་གདོང་ལེན་ཚུ་ བྱུང་དོ་ཡོདཔ་ཨིན་པས།

བརྡ་བརྒྱུད་ནང་ལཱ་འབད་མི་ རྒན་རིམ་ཅིག་ཨིན་མི་ རིག་འཛིན་དབང་ཕྱུག་གིས་ བཤད་མིའི་ནང་ འབྲུག་པའི་བརྡ་བརྒྱུདཔ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ བརྡ་དོན་འཐོབ་མ་ཚུགས་མི་དེ་ཨིན་ཟེར་ཨིན་པས།

ཕ་རཱནསི་ལུ་ཡོད་མི་ ས་མཚམས་མེད་མི་བརྡ་བརྒྱུདཔ་ཟེར་མི་ ལས་ཚོགས་ཀྱིས་ བསྡུ་སྒྲིག་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ཀྱི་ བརྡ་བརྒྱུད་དལ་དབང་གི་ ཨང་རིམ་དེ་ རྒྱལ་ཁབ་༡༨༠ གི་གྲས་ལས་ ཨང་༦༥ པའི་ནང་ ཚུད་ཡོད་མི་དེ་ ན་ཧིང་ ཨང་༦༧ ནང་ཡོད་མི་དང་ཕྱདཔ་ད་ ཡར་སེང་སོང་བའི་ རྟགས་མཚན་ཨིན་པས།

སྤྱི་ལོ་༢༠༢༡ ལུ་ ཨང་རིམ་གྱི་ཁྱད་ཚད་དེ་ བརྡ་བརྒྱུདཔ་ཚུ་གི་ རང་དབང་དང་ཉེན་སྲུང་ དེ་ལས་ ཁྲིམས་ཀྱི་གཞི་བཀོད་དང་ དྭངས་གསལ་ཚུ་ལུ་ གཞི་བཞག་སྟེ་ འབད་ཡོདཔ་ཨིན་པས།

འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་གཙོ་འཛིན་ རིག་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ རྒྱལ་སྤྱིའི་གནས་ཚད་ནང་ བལྟ་བ་ཅིན་ བརྡ་བརྒྱུད་ཀྱི་ལཱ་འབད་ནི་ལུ་ འབྲུག་རྒྱལ་ཁབ་འདི་ ཉེན་སྲུང་ཅན་ཡོད་ཟེར་ བཤད་པའི་ཁར་ འདས་པའི་ལོ་ཚུ་ནང་ ཨང་རིམ་ནང་ ལེགས་བསྒྱུར་སོང་སྟེ་ཡོད་རུང་ མི་ཚུ་གིས་ དེ་གི་གོ་དོན་ ཕྱི་འགྱུར་ལེན་ནི་མི་འོང་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཨང་རིམ་ལུ་ ཡར་སེང་འགྱོ་རུང་ ལཱ་འབད་སའི་ས་ཁོངས་ནང་ བརྡ་དོན་འཐོབ་ནིའི་ཐད་ བརྡ་བརྒྱུདཔ་ཚུ་ལུ་ གདོང་ལེན་བྱུང་སྟེ་ར་ཡོད་ཟེར་ཨིནམ་ད་ དེ་ཡང་ རིམ་མང་ལམ་ལུགས་དེ་ གདོང་ལེན་སྦོམ་ཤོས་ཅིག་ཨིན་ཟེར་ཨིན་པས།

སྤྱི་ལོ་༢༠༢༡ ལོའི་ བརྡ་བརྒྱུད་དལ་དབང་གི་ ཨང་རིམ་སྙན་ཞུ་དང་འཁྲིལཝ་ད་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ དཀའ་ངལ་ ཅན་གྱི་གནས་སྟངས་ནང་ ལཱ་འབད་ཡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱི་ སྙན་ཞུའི་ཚོས་གཞི་ནང་ སེརཔོ་གི་གྲངས་སུ་ ཚུད་དེ་ འདུག་ཟེར་ ཁོ་གིས་བཤད་ཅི།

ང་བཅས་ཀྱི་གནས་སྟངས་དེ་ དཀའ་ངལ་ཅན་ཡོད་མི་དེ་ ཞིབ་སེལ་རྐྱབ་མི་མཐོ་དྲགས་སྦེ་ཡོད་མི་དང་ དེའི་ནང་ལས་ཡང་ ཞི་གཡོགཔ་ཚུ་ལས་ བརྡ་དོན་འཐོབ་ནི་དེ་ ལཱ་ཁག་འདུག་ཟེར་ རིག་འཛིན་དབང་ཕྱུག་གིས་ བཤད་ཡོདཔ་ད་ འབྲུག་གི་ ཞི་གཡོག་ཞབས་ཏོག་གི་ སྒྲིག་གཞི་དང་ལམ་ལུགས་ནང་ ཞི་གཡོགཔ་ཚུ་གིས་ བརྡ་བརྒྱུདཔ་དང་གཅིག་ཁར་ ཁ་སླབ་ནི་ལས་ བཀག་ཆ་འབད་དེ་ཡོདཔ་ལས་ དེ་གིས་ བརྡ་དོན་གྱི་རང་དབང་ལུ་ བར་ཆད་རྐྱབ་མས་ཟེར་བཤད་ཅི།

ཞི་གཡོགཔ་ཚུ་གི་དོན་ལུ་ དོན་ཚན་དེ་ བཙུགས་ཡོདཔ་ལས་ ཞི་གཡོགཔ་ཚུ་གིས་ གནད་དོན་ཚུ་ལུ་ ཁ་གསལ་སྦེ་ཤེས་ཏེ་འབད་རུང་ སླབ་ནི་ལས་ བར་བཀག་འབད་དེ་ཡོདཔ་ལས་ དེ་གིས་ མི་མང་གིས་བརྡ་དོན་འཐོབ་ནི་ལུ་ དབང་ཆ་ཡོད་རུང་ གནོདཔ་མས་ཟེར་བཤད་ཅི།

བློན་ཆེན་གྱི་ གོ་གནས་ནང་ལྷོད་པའི་ཤུལ་ལས་ བརྡ་བརྒྱུད་དང་གཅིག་ཁར་ འབྲེལ་བ་ལེགས་ཤོམ་བཞག་ནིའི་ནང་ གཙོ་རིམ་བཟུང་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ད་རུང་ཚར་གཅིག་ ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གནད་དོན་དེའི་སྐོར་ལས་ གྲོས་བསྟུན་འབད་ནིའི་ ཁས་ལེན་འབད་ཡོདཔ་ཨིན་པས།

ཨིན་རུང་ གནད་དོན་དེ་ བརྡ་བརྒྱུད་ནང་ ལཱ་འབད་མི་ཚུ་གིས་ ཡིག་ཐོག་ལུ་ བཙུགས་དགོཔ་ཨིནམ་ད་ བློན་ཆེན་གྱིས་ ད་ལྟོའི་ལམ་ལུགས་ནང་ ཞི་གཡོག་ལྷན་ཚོགས་ཀྱི་ སྒྲིག་གཞི་དང་འཁྲིལཝ་ད་ ལས་སྡེ་ཁག་གི་ བརྡ་བརྒྱུད་ངོ་ཚབ་ཚུ་ལུ་ ཁོང་གིས་སླབ་དགོ་པའི་ བརྡ་དོན་ཚུ་རྐྱངམ་གཅིག་ བྱིན་སྲོལ་འདུག་ཟེར་ཨིནམ་ད་ གཞན་དལ་གཞི་ གནས་སྟངས་དེ་ བརྡ་བརྒྱུདཔ་ཚུ་གིས་ བརྡ་དོན་ག་ཅི་བཟུམ་ཨིན་རུང་ འཐོབ་དགོཔ་ཅིག་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།

བརྡ་དོན་ཚུ་ མ་ནོར་བར་ ག་ཨིནམ་སྦེ་ སྙན་ཞུ་འབད་བ་ཅིན་ གནད་དོན་ཅིག་ འཐོན་དགོཔ་མེད་ཟེར་ བློན་ཆེན་གྱིས་ གསུངས་ཡོདཔ་ད་ རྒྱལ་ཡོངས་ཡར་འཐོན་འབད་ནི་དེ་ གཅིག་མཐུན་གྱི་འགན་ཁུར་ཨིནམ་ལས་ དེ་ནང་ བརྡ་བརྒྱུདཔ་ཚུ་གིས་ འགན་ཁུར་གཙོ་བོ་ཅིག་ འབགཔ་ཨིན་ཟེར་གསུངས་ཡི།

ཨིན་རུང་ ཞིབ་སེལ་རྐྱབ་དགོ་པའི་བརྡ་དོན་ཚུ་ བརྡ་བརྒྱུདཔ་ཚུ་གིས་ཐོབ་ད་ བརྡ་དོན་དེ་ཡང་ ཕྱོགས་རིས་མེདཔ་སྦེ་ ཁྱད་ རིག་གི་ཐོག་ལས་ ལག་ལེན་འཐབ་ནི་དེ་ཡང་ བརྡ་བརྒྱུད་དང་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ འགན་ཁུར་ཕོགཔ་ཨིན་ཟེར་གསུངས་ཡི།

བརྡ་བརྒྱུད་ཀྱི་ནང་འཁོད་ལུ་ གོ་སྐབས་ཚད་ཅིག་ལས་མེད་མི་དེ་ལུ་ ངོས་ལེན་འབདཝ་དང་གཅིག་ཁར་ རིག་འཛིན་དབང་ཕྱུག་ གིས་ སླབ་མིའི་ནང་ གནས་ཚུལ་བསྡུ་བཀོདཔ་ གསརཔ་ཚུ་གིས་ བརྡ་དོན་ཚུ་འཐོབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཉམས་མྱོང་ཡོད་མི་ཚུ་གིས་ གོ་སྐབས་ལེགས་ཤོམ་འཚོལ་ཏེ་ འཐོན་འགྱོཝ་མས་ཟེར་ཨིན་པས།

ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁོ་རང་ ལཱ་དེ་ལུ་ སྤྲོ་བ་ཡོད་ཟེར་བཤད་པའི་ཁར་ རྒྱལ་ཁབ་ནང་ བརྡ་བརྒྱུདཔ་འཐོན་འགྱོ་མིའི་གྱངས་ཁ་ ཡར་སེང་སོང་རུང་ ཡུན་བརྟན་གྱི་གདོང་ལེན་དང་ དེ་བཟུམ་སྦེ་ ཉམས་མྱོང་མེད་པའི་ གདོང་ལེན་ཚུ་ཡོད་རུང་ འབྲུག་རྒྱལ་ཁབ་ནང་ བརྡ་བརྒྱུད་དེ་ ལེགས་ཤོམ་འགྱོ་སར་ མཐོངམ་མས་ཟེར་ཨིན་པས།

ང་བཅས་བཟུམ་མའི་ བརྡ་བརྒྱུདཔ་ཚུ་ལུ་ མི་མང་ལུ་བརྡ་དོན་སྤྲོད་ནི་དེ་ འགན་ཁུར་དང་པ་ཨིན་ཟེར་ རིག་འཛིན་དབང་ཕྱུག་གིས་ བཤད་པའི་ཁར་ བརྡ་བརྒྱུད་ནང་ལཱ་འབད་ནི་དེ་ རང་སོའི་ ཁྱད་རིག་མེད་པའི་ འགན་ཁུར་ཅིག་ཨིནམ་ལས་ མདུན་གཟང་སྟེ་ ལཱ་འབད་དགོ་ཟེར་བཤད་ཅི།

ཁ་ཙ་ འཛམ་གླིང་དལ་དབང་གི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ བློན་ཆེན་གྱིས་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་ ལོ་བསྟར་འབྲུག་བརྡ་བརྒྱུད་མེ་ལོང་ཟེར་མི་ དུས་དེབ་དེ་ གསར་བཏོན་གནང་ཡོདཔ་ད་ དུས་དེབ་ཐོན་རིམ་༤ པ་དེ་ནང་ འབྲུག་ པའི་ བརྡ་བརྒྱུདཔ་ཚུ་གིས་ ནད་ཡམས་སྐབས་ཀྱི་ཉམས་མྱོང་དང་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ གྲོགས་རམ་ཐོག་ལས་ གྲོང་གསེབ་ནང་ལས་ གནས་ཚུལ་བསྡུ་བཀོད་འབད་མི་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

དུས་ཅི་ རྒྱལ་ཡོངས་བཟོ་བཀོད་དང་ ལག་བཟོའི་འགྲན་བསྡུར་ཁག་༧ ནང་ རྒྱལ་ཁབ་ནང་འཁོད་ལས་ ཐོ་བཀོད་འབད་མི་༡༩༠ གིས་ དོ་འགྲན་འབད་ཡོདཔ་བཞིན་དུ་ དེ་ནང་ གོ་༢༥ དང་ དཀྱི་ར་༦༣ ཚེམ་འདྲུབ་༡༠ རང་ལུགས་ཀྱི་ལྡེབས་རིས་༦ འཇིམ་བཟོ་༡༡ …

Leave a Reply

Your email address will not be published. Required fields are marked *