འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་གིས་ སྐུལ་བསྒྲགས་འབད་བའི་བསྒང་།

རིན་མེད་སྟོང་པར་བྱིན་མི་དང་ ཁས་བླངས་ལེ་ཤ་འབད་མི་ཚོགས་པ་ཚུ་ གདམ་ཁ་རྐྱབ་ནི་མེདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༩ ལུ་ བསམ་གྲུབ་ལྗོངས་མཁར་ ཕུན་ཚོགས་ཐང་རྒེད་འོག་གི་ སྤྱིར་སྙོམས་འཛོམས་འདུ་དང་འབྲེལ་  འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་དང་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་༢ ཀྱིས་ རིན་མེད་སྟོང་པར་སྦེ་ བྱིན་མི་དང་ ཁས་བླངས་ལེ་ཤ་འབད་མི་ཚོགས་པ་ཚུ་ གདམ་ཁ་རྐྱབ་ནི་མི་འོང་ཟེར་ མི་ཚུ་ལུ་བཤད་ཅི།

བློ་གྲོས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་པ་གིས་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་མ་གཏོགས་ འཁོན་སེམས་ག་ནི་ཡང་ མེད་ཟེར་ཨིནམ་ད་ ནང་གསུག་བྱིན་ཐོག་ལས་ ཚོགས་རྒྱན་ལྷང་པར་ འོང་མི་ཚུ་གིས་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་ འོས་འབབ་མེད་ཟེར་ཨིན་པས།

ཁོ་ར་བཀྲིས་སྒང་ལུ་ འགྱོ་བའི་ཞོར་ཁ་ བཙག་འཐུ་འགོ་དཔོན་ཚུ་གིས་ གནང་བ་བྱིན་མི་དང་འཁྲིལ་ ཕུན་ཚོགས་ཐང་གི་ སྤྱིར་སྙོམས་འཛོམས་འདུ་ འགོ་མ་བཙུགས་པའི་ཧེ་མར་ དེ་ཁར་འཛོམས་མི་ཚུ་ལུ་ ཚོགས་པའི་ཁས་བླངས་གསལ་བསྒྲགས་ཚུ་ སླབ་ཡོདཔ་མ་ཚད་ ཚོགས་པའི་བདེ་ཐང་-སྒོམ་དར་འདེམས་ངོའི་སྐོར་ལས་ཡང་ སླབ་ཡོདཔ་ཨིན་པས།

འཕྲིན་ལས་རྣམ་རྒྱལ་གྱིས་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་རྡོ་རྗེ་ དེ་ལས་ མི་སེར་དམངས་གཙོའི་ཚོགས་པའི་འཐུས་མི་ དབང་འདུས་རྒྱལ་མཚན་ཚུ་དང་ དོ་འགྲན་འབད་ནི་ཨིན་པས།

གཙོ་འཛིན་བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ ཚོགས་པ་གིས་ འཕྲིན་ལས་རྣམ་རྒྱལ་གདམ་ཁ་རྐྱབ་མི་དེ་ ཁོ་གིས་ བདེ་བ་ཐང་ལུ་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ སྡོད་ཡོདཔ་བཞིན་དུ་ ཁྲོམ་སྡེའི་འཐུས་མི་སྦེ་ཡང་ ཕྱག་ཞུ་ཡོདཔ་ལས་ མི་སེར་གྱི་ དཀའ་ངལ་དང་ གནས་སྟངས་ཚུ་ ཧ་གོ་ནི་དེ་གིས་ ཕྱག་ཞུ་ཚུགས་ནི་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ འདེམས་ངོ་ཚུ་གི་ ཡིག་ཚང་ཚུ་ འདེམས་ཁོངས་ནང་ གཞི་བཙུགས་འབད་ནི་ཨིནམ་མ་ཚད་ ཁོ་ར་འབད་རུང་ སྤྱི་ཚོགས་དང་ ཐིམ་ཕུག་ལུ་ ཞལ་འཛོམས་ཚུ་ནང་ བཅའ་མར་གཏོགས་མ་དགོ་པའི་སྐབས་ མི་ཚུ་གི་ དཀའ་ངལ་ཉན་ཏེ་ སེལ་ཐབས་འབད་ནིའི་དོན་ལུ་ འདེམས་ཁོངས་ཚུ་ནང་ འོང་ནི་ཟེར་ཨིན་པས།

གཙོ་འཛིན་༢ ཀྱིས་ དེ་ཁར་འཛོམས་མི་ཚུ་ལུ་ ཁས་བླངས་གསལ་བསྒྲགས་ལེ་ཤ་ཡོད་པའི་གྲས་ལས་ གསོ་བ་དང་ ལཱ་གཡོག་ ལྟ་བཤལ་ དེ་ལས་ དཔལ་འབྱོར་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པའི་སྐོར་ལས་ བཤད་ཅི།

གནས་བརྟན་བཟང་མོ་གིས་ སྤྱིར་སྙོམས་འཛོམས་འདུ་ མཇུག་བསྡུ་བའི་ཤུལ་ལས་ མི་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་ཐབས་ལུ་དང་ གོ་བརྡ་ལེགས་ཤོམ་སྤྲོད་ནིའི་དོན་ལས་ མོ་གིས་ གཙོ་འཛིན་གྱི་ སྐུལ་བསྒྲགས་འབད་བའི་སྐབས་ ཤར་ཕྱོགསཔ་དང་ ལྷོ་མཚམས་པའི་ ཁ་སྐད་ནང་སླབ་ཅི།

མི་ཚུ་གིས་ འདྲོག་སྡོད་པ་ཅིན་ གཞུང་གདམ་འཐུ་འབད་རུང་ སྒྲིང་སྒྲི་ཅིག་ བཙག་འཐུ་འབད་མི་ཚུ་ཟེར་ཨིནམ་ད་ ལོ་༥ འི་གནས་ཡུན་སྐབས་ ཞབས་ཏོག་ཚུ་ སྤྲོད་མ་ཚུགས་པ་ཅིན་ ང་གིས་ གདོང་ར་བཏོན་མི་ཚུགས་ནི་ཨིནམ་ལས་ ཚོགས་རྒྱན་ལྷང་ནི་མེད་ཟེར་ ཨིནམ་བཞིན་དུ་ ཞབས་ཏོག་སྤྲོད་ར་སྤྲོད་དགོ་ཟེར་ཨིནམ་ད་ ཚོགས་པའི་ལྟ་བ་དེ་ ལོ་༥ འི་དོན་ལུ་མེན་པར་ ཡུན་རིང་གི་ ལྟ་བ་ཨིན་ཟེར་ གནས་བརྟན་བཟང་མོ་གིས་ བཤདཔ་ཨིན་པས།

གནས་བརྟན་བཟང་མོ་གིས་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ འོག་ལུ་ཨིན་མི་ པདྨ་ཐང་རྒེད་འོག་གི་ མི་ཚུ་དང་ཕྱད་པའི་སྐབས་ བཙག་འཐུའི་ནང་ བཅའ་མར་གཏོགས་ཐོག་ལས་ ཚོགས་རྒྱན་བཙུགས་དགོ་ཟེར་ཨིནམ་ད་ གནས་སྡུད་ཚུ་ནང་ བརྒྱ་ཆ་༥༥ དེ་ཅིག་རྐྱངམ་གཅིག་གིས་ ཚོགས་རྒྱན་བཙུགས་དོ་ཡོདཔ་སྦེ་ སྟོན་ཡོདཔ་ལས་ དེ་གིས་ མི་བཏུབ་ནི་ཨིན་མི་ལུ་བརྟེན་ ག་ར་གིས་ ཚོགས་རྒྱན་བཙུགས་དགོ་ཟེར་ཨིན་པས།

ཕུན་ཚོགས་ཐང་ལས་ ཁ་ར་ནཱན་ད་ ཨ་དི་ཀ་རི་གིས་ སླབ་མིའི་ནང་ བདེ་བ་ཐང་དང་ བསམ་གྲུབ་ཆོས་གླིང་གི་གཞུང་ལམ་ ལེགས་ཤོམ་མེདཔ་ལས་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་སྨན་ཁང་ནང་བཏང་མི་ ནདཔ་དང་ ལྷག་པར་དུ་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་ཡོད་མི་ལུ་བརྟེན་ གཞུང་ལམ་ཉམས་བཅོས་འབད་དགོཔ་ འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དྲུང་ཁག་ནང་ གློག་མེ་ཏན་ཏན་མེད་མི་དེ་གིས་ གཞི་རྟེན་སྨན་ཁང་ནང་ སྨན་ཁབ་དང་ སྨན་རིགས་ཚུ་ མེདཔ་ཐལ་དོ་ཡོད་མི་ལུ་བརྟེན་ ནདཔ་ཚུ་ རྫོང་ཁག་དང་ བདེ་བ་ཐང་སྨན་ཁང་ནང་ བཏང་དགོ་པས་ཟེར་ཨིནམ་ད་ ཀི་ལོ་མི་ཊར་༤༩ འབད་མི་ གཞུང་ལམ་དེ་གིས་ དྲུང་ཁག་འོག་གི་ རྒེད་འོག་༤ དེ་ བདེ་བ་ཐང་ལུ་ མཐུད་སྦྲེལ་འབདཝ་ཨིན་པས།

དེ་ལས་ སྐྱེས་ལོ་༣༤ ལང་མི་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལས་ར་ གཞུང་ལམ་གྱི་ གནས་སྟངས་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཉམས་བཅོས་ཀྱི་ལཱ་ཚུ་ ག་ནི་ཡང་ མ་འབད་ཟེར་ཨིནམ་ད་ ཁོང་ལུ་དགོཔ་ཟེར་རུང་ གཞུང་ལམ་ལེགས་བཅོས་འབད་དགོཔ་དེ་ ཨིན་ཟེར་ཨིན་པས།

གནས་བརྟན་བཟང་མོ་གིས་ སླབ་མིའི་ནང་ ཚོགས་པ་གིས་ གཞུང་ལམ་ལེགས་བཅོས་འབད་དེ་ ཧག་ཀ་ཧོག་ཀ་མེདཔ་བཟོ་ནི་ ངེས་བརྟན་ཨིནམ་ད་ མི་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ སྨན་བཅོས་འགྲུལ་སྐྱོད་ཞབས་ཏོག་ཡོདཔ་བཞིན་དུ་ འདེམས་ངོ་ཚུ་གིས་ཡང་ འཁོར་ལམ་ལེགས་ཤོམ་བཟོ་ནིའི་ ཁས་བླངས་འབད་དེ་ ཡོད་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ ཨོ་རོང་རྒེད་འོག་ནང་ སྤྱིར་སྙོམས་འཛོམས་འདུ་ འགོ་འདྲེན་འཐབ་ཐོག་ལས་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་མཇུག་བསྡུ་ཡོདཔ་ད་ འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་གིས་ བཀྲིས་སྒང་གི་ མི་སེར་དང་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་གིས་ བཀྲིས་གཡང་རྩེའི་ མི་ཚུ་དང་གཅིག་ཁར་ འཕྱད་ནི་ཨིན་པའི་གནས་ཚུལ།

ཕུན་ཚོགས་ཐང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *