རིག་གཞུང་གི་ཤེས་ཡོན་དང་ སྐད་ཡིག་ཁྱབ་སྤེལ་གཏང་ནི།

༉ ཁ་ཙ་ ཐིམ་ཕུག་འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་ནང་ རྒྱལ་ཡོངས་ནང་པའི་རིག་གཞུང་དང་སྐད་ཡིག་གི་ གྲོས་འཛོམས་ཐེངས་༢ པ་ འགོ་འདྲེན་འཐབ་ཅི།
གྲོས་འཛོམས་དེ་ཡང་ རྟ་མགོ་ནང་དོན་རིག་པའི་གཙུག་ལག་སློབ་གྲྭ་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་༢ ཀྱིས་མཉམ་འབྲེལ་ཐོག་ལས་ རིག་གཞུང་གི་ཤེས་ཡོན་དང་ སྐད་ཡིག་ཁྱབ་སྤེལ་གྱི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ནང་ ནང་དོན་མཐོ་རིམ་སློབ་གྲྭ་ཁག་གི་ མཁན་པོ་དང་ སློབ་དཔོན་ དེ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་འོག་གི་ མཐོ་རིམ་སློབ་གྲྭ་ཁག་གི་ ལེགས་སྦྱར་བ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ གྲོས་འཛོམས་སྐབས་ ལེགས་སྦྱར་བ་དང་ མཁན་པོ་ཚུ་གིས་ ཞིབ་འཚོལ་འབད་ཡོད་པའི་གནད་དོན་ཚུ་ གསལ་ཞུ་འབད་ཞིནམ་ལས་ གོ་བསྡུར་འབད་ཡི།
སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་ ཞིབ་འཚོལ་གྱི་ སྒྲིག་འཛིན་ངག་དབང་རྒྱ་མཚོ་གིས་ གྲོས་འཛོམས་འགོ་འདྲེན་འཐབ་པའི་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ནང་འཁོད་ཀྱི་ རིག་གཞུང་གི་ མཁས་མཆོག་ཚུ་གཅིག་ཁར་འཛོམས་ཞིནམ་ལས་ རིག་པ་བརྗེ་སོར་འབད་ནིའི་དོན་ལུ་དང་ གཅིག་ རིག་གཞུང་གི་ ཆོས་ཚན་དང་ བརྗོད་བྱའི་དོན་ལུ་ ཞིབ་འཚོལ་འབད་ཞིནམ་ལས་ ལམ་སྲོལ་ཡར་རྒྱས་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུས་ཚད་དང་ལྡན་པའི་ པར་སྐྲུན་འབད་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ ལས་རིམ་དེ་ཡང་ འགོ་དང་པ་ ན་ཧིང་ འགོ་འདྲེན་འཐབ་ཡོདཔ་ད་ ད་ལས་ཕར་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཟེར་ཨིནམ་བཞིན་དུ་ རྟ་མགོ་ནང་དོན་རིག་པའི་ གཙུག་ལག་སློབ་གྲྭ་དང་གཅིག་ཁར་ ཆིངས་ཡིག་ཅིག་ཡང་ མཚན་རྟགས་བཀོད་དེ་ཡོད་ཟེར་ ལེགས་སྦྱར་བ་ངག་དབང་རྒྱ་མཚོ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ རྟ་མགོ་ནང་དོན་རིག་པའི་གཙུག་ལག་སློབ་གྲྭའི་ ཞིབ་འཚོལ་འགོ་དཔོན་ མཁན་པོ་ཉི་མ་ཤར་གྱིས་ སླབ་མིའི་ནང་ གྲོས་འཛོམས་འགོ་འདྲེན་འཐབ་མི་དེ་ དགེ་སློང་ཚུ་གིས་འབད་ཡོད་པའི་ ཞིབ་འཚོལ་ཚུ་ཡང་ གྲོས་འཛོམས་ནང་ལུ་ གྲོས་བསྡུར་འབད་ནིའི་དོན་ལུ་དང་ བརྗེ་སོར་འབད་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
མཁན་པོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མི་ཚུ་ལུ་ རྫོང་ཁ་སླབ་ནིའི་ནང་ དཀའ་ངལ་སྦོམ་ཅིག་མིན་འདུག་ཟེར་ཨིན་རུང་ ཡིག་ཐོག་བྲིས་ནིའི་ནང་ ལཱ་ཁག་གཏང་དོ་ཡོད་པའི་ མཐོང་སྣང་བྱུངམ་མས་ཟེར་ཨིནམ་ད་ རྫོང་ཁ་གོང་འཕེལ་གཏང་ནིའི་དོན་ལུ་ རྫོང་ཁ་ལག་ལེན་འབད་ནིའི་ ས་གོ་ལེ་ཤ་བཟོ་དགོཔ་འདུག་ཟེར་ ཨིན་པས།
དེ་བཟུམ་སྦེ་ མཁོ་ཐང་རིན་ཆེན་གླིང་མཐོ་རིམ་བཤད་གྲྭའི་ མཁན་པོ་གེ་སར་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་ཁ་དེ་ ངག་ཐོག་ག་ཅི་སླབ་མི་དེ་ ཡིག་ཐོག་ལུ་ བཀོད་དགོ་ཟེར་ཨིནམ་ད་ ད་ཡང་ ཁ་ལས་གཅིག་སླབ་ འབྲི་བའི་སྐབས་སོ་སོར་འབད་བ་ཅིན་ མ་འོངས་པའི་ནང་ ཨ་ལོ་ཚུ་གིས་ ཡིག་ཐོག་ཡོད་མི་བལྟ་ཞིནམ་ལས་ ལག་ལེན་འཐབ་ནི་ཨིནམ་ལས་ རྫོང་ཁ་ངོ་མ་དེ་ ཡལ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
ད་རེས་ གྲོས་འཛོམས་ནང་ གྲོས་བསྡུར་འབད་ཡོད་པའི་ ཞིབ་འཚོལ་དེ་ཚུ་ གསལ་ཞུ་འབད་མི་ཚུ་གིས་ བསྐྱར་ཞིབ་འབད་ཞིནམ་ལས་ ལོག་པར་སྐྲུན་འབད་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་དང་ བཤད་གྲྭ་ དེ་ལས་ སློབ་གྲྭ་ཆེ་བ་ཚུ་ནང་ རིན་མེད་སྟོང་པར་སྦེ་ བཀྲམ་སྤེལ་འབད་ནི་ཨིན་པས།
ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་པའི་ གྲོས་འཛོམས་དེ་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ མཇུག་བསྡུ་ནི་ཨིན་པའི་ གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *