རི་མུང་ལྷ་ཁང་།

རི་མུང་ལྷ་ཁང་གི་ རྒྱབ་ཁུངས་མདོར་བསྡུས།

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ལས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་བའི་ཤུལ་ལས་ ཤིང་སྣ་ཚོགས་དང་ གངས་རི་གིས་ བསྐོར་ཡོད་པའི་ ཉམས་དགའ་བའི་ཐང་ཅིག་ནང་ ཡ་མཚན་ཆེ་བའི་ ལྷ་ཁང་ཅིག་ མཇལ་ཚུགས་པས།
ལྷ་ཁང་དེ་ པདྨ་དགའ་ཚལ་ཡོངས་ལ་དགོན་པའི་ བླམ་ཚུ་གི་ གནམ་དགུན་གྱི་ བཞུགས་གནས་ཨིནམ་ལས་ རྩ་ཅན་ཅིག་ཨིནམ་སྦེ་ སླབ་དོ་ཡོདཔ་བཞིན་དུ་ ད་རེས་ ལྷ་ཁང་དེ་ ཨོ་རོང་རྒེད་འོག་ རི་མུང་སྤྱི་འོག་གི་ མི་སེར་ཚུ་གིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
ལྷ་ཁང་དེ་ གཡུས་སྒོའི་ནང་ བྱིན་རླབས་ཅན་དང་ རྩ་ཅན་ཅིག་ཨིན་རུང་ གཡུས་ཚན་ནང་ ལྷ་ཁང་གི་སྐོར་ལས་ ཤེས་རྟོགས་ཡོད་མི་ རྒན་ཤོས་རེ་གཉིས་མ་གཏོགས་ མང་ཤོས་ཅིག་གིས་ མི་ཤེས་དོ་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་སློབ་ འཇིགས་མེད་ཀུན་གྲོལ་གྱིས་ པདྨ་དགའ་ཚལ་ གདུང་བསམ་ཡོངས་ལ་དཔལ་གྱི་རི་ལུ་ གདན་ས་ཕྱག་བཏབ་གནང་བའི་ཤུལ་ལས་ ཁོ་ལུ་ སློབ་མ་ནམ་མཁའི་ སྐར་ཚོགས་བཟུམ་སྦེ་ བྱུང་ཡོདཔ་ཨིན་པས།
ཡོངས་ལ་དགོན་པའི་ བླ་རིམ་༢ པ་ རྡོ་རྗེ་རྒྱ་མཚོ་གིས་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་འབངས་མཚོ་ལས་ མཁའ་འགྲོའི་མཚན་རྟགས་ཡོད་མི་ ཨམ་སྲུ་ཅིག་ གསང་ཡུམ་སྦེ་ བཞེས་ཡོདཔ་བཞིན་དུ་ སྤྱི་ལོ་༡༨༢༡ དེ་ཅིག་ལུ་ ཁོའི་གདུང་སྲས་ རྡོ་རྗེ་རྒྱལ་མཚན་གྱི་སྲས་ ཀུན་བཟང་འཕྲིན་ལས་དེ་ བདེ་བ་ཐང་རཱན་མཚམས་ཀྱི་བླམ་སྦེ་ བསྐོས་གནང་ཡོདཔ་ཨིན་པས།
དེ་ལས་ བསམ་གྲུབ་ལྗོངས་མཁར་ཨོ་རོང་རྒེད་འོག་ རི་མུང་ལེགས་ཕུག་ཆོས་བྱུང་གྲུ་གསུམ་རིའི་ ཉེ་འདབས་ལུ་ གཙུག་ལག་ཁང་ངམ་ ལྷ་ཁང་ཅིག་ བཞེངས་དགོཔ་སྦེ་ ཨ་རྒས་བླམ་གིས་ བཀའ་ལུང་གནང་མི་དང་འཁྲིལ་ སྤྱི་ལོ་༡༨༤༠ དེ་ཅིག་ལུ་ ལྷ་ཁང་ཐོག་ཚད་༢ འབད་མི་ཅིག་ བཞེངས་ཡོདཔ་བཞིན་དུ་ བཀྲིས་རབ་གནས་ཡང་ བླམ་རྡོ་རྗེ་རྒྱ་མཚོ་གིས་ གནང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཡོངས་ལའི་བླམ་ ཐར་པ་རྒྱལ་མཚན་ལས་འགོ་བཟུང་ ཡོངས་ལ་དགོན་པའི་ བླ་ཕྲེང་རིམ་བྱོན་ཚུ་གིས་ གནམ་དགུན་གྱི་ བཞུགས་གནས་སྦེ་ བྱིན་གྱིས་བརླབས་གནང་ཡོདཔ་བཞིན་དུ་ སྤྱི་ལོ་༡༩༦༢ དེ་ཅིག་ཁར་ ཡོངས་ལའི་བླ་རིམ་༨ པ་ བླམ་ཚེ་དབང་བསྟན་འཛིན་གྱིས་ ལྷ་ཁང་ཉམས་གསོ་ཞུ་ཡོདཔ་ཨིན་པས།
སྐྱེས་ལོ་༧༦ ལང་མི་ དབང་དྲག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༡༩༦༩ ལུ་ ཡོངས་ལ་དགོན་པའི་ བླ་རིམ་༡༠ པ་ བླམ་བསོད་ནམས་བཟང་པོ་གིས་ ལྷ་ཁང་ཡོངས་རྫོགས་ཉམས་གསོ་ཞུ་ཞིནམ་ལས་ ལྷ་ཁང་གི་མཚན་ཡང་ ལྷུན་གྲུབ་ཆོས་གླིང་ཟེར་ བཏགས་གནང་སྟེ་ གུ་རུ་སྣང་སྲིད་ཟིལ་གནོན་གྱིས་གཙོས་པའི་ ཆོས་ལོངས་སྤྲུལ་༣ སྲིད་པའི་འཁོར་ལོ་ གུ་རུ་མཚན་བརྒྱད་ རྒྱན་དྲུག་མཆོག་གཉིས་དང་ རིགས་ལྔའི་བཀོད་ལ་སོགས་པ་ཚུ་ ཡེ་ཤེས་སེམས་དཔའ་སྦེ་ བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་ཚན་ནང་ གུང་པ་ཉུང་བའི་ཁར་ མི་སེར་ཚུ་ལུ་ རྒྱུ་ནོར་གྱི་ ལྕོགས་གྲུབ་མེད་མི་ལུ་བརྟེན་ ཡོངས་ལ་དགོན་པའི་ བླ་རིམ་༩ པ་ མང་སྡེའི་བླམ་ གནག་མདོག་གིས་ ཞུ་བ་ཕུལཝ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་རྫོང་བདག་ དཔལ་ལྡན་དབང་ཕྱུག་གིས་ གྲོགས་རམ་མཛདཔ་ལས་ ནང་རྟེན་ཁ་སྐོང་བཙུགས་ཡོདཔ་མ་ཚད་ དད་ཅན་སྦྱིན་བདག་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོག་ མཐོང་གྲོལ་ཅིག་ཡང་ བཞེངས་ཡི་ཟེར་ཨིན་པས།
ལྷ་ཁང་དེ་ནང་ ཡར་ངོ་མར་ངོ་གིས་མ་ཚད་པར་ ལོ་བསྟར་བཞིན་དུ་ རང་ཟླ་༡ པའི་ནང་ སྨྱུང་གནས་ཆ་༡ དང་ ཟླཝ་༥ པའི་ནང་ བླ་མ་ནོར་བུ་རྒྱ་མཚོའི་ རྩ་གཞུང་གི་སྒྲུབ་མཆོད་ རང་ཟླ་༧ པའི་ནང་ མར་མེ་སྨོན་ལམ་ཞི་ཁྲོ་ངན་སོང་སྦྱོང་བ་ དེ་ལས་ རང་ཟླ་༡༡ པའི་ནང་ བླ་མ་ནོར་བུ་རྒྱ་མཚོའི་ ཞག་གསུམ་ཚེས་བཅུ་ལ་སོགས་པའི་ སྐུ་མཆོད་འབུམ་སྡེ་ཚུ་ གཡུས་མི་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོག་ འགོ་འདྲེན་འཐབ་དོ་ཟེར་ དབང་དྲག་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཨོ་རོང་།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *