སྤྱི་ཟླ་༨ པའི་ཚེས་༡༩ གི་དྲོ་པར་ ལྷུན་རྩེ་སྨན་སྦིས་རྒེད་འོག་ ཀུན་འཕེལ་གཡུས་ཚན་ནང་ རི་ཕག་ཁྱུ་ཅིག་གིས་ སྐྱེས་ལོ་༥༣ ལང་མི་ རིག་འཛིན་སྒྲོལ་མའི་ གེ་ཟ་ཞིང་ནང་འཛུལ་ཏེ་ གེ་ཟ་ཚུ་ མེདཔ་བཏང་ཡོདཔ་ད་ དེ་གི་ཧེ་མ་ རྒེད་འོག་དེ་གི་ གྲུབ་ཆུ་དགོན་པ་ལུ་ དོམ་ཚུ་གིས་ ཁྱིམ་གུང་༣༠ དེ་ཅིག་གི་ གེ་ཟ་ཞིང་ཨེ་ཀར་༢ དེ་ཅིག་ མེདཔ་བཏང་ཡོདཔ་སྦེ་ རྒེད་འོག་བདག་སྐྱོང་ལུ་ ཉམས་རྒུདཔ་ཚུ་གིས་ སྙན་ཞུ་འབད་ཡོདཔ་ཨིན་པས།

རི་ཕག་དང་ དོམ་ཚུ་གིས་ སྨན་སྦིས་རྒེད་འོག་གི་ སོ་ནམ་པ་ཚུ་ལུ་དཀའ་སྡུག།

༉ སྐྱེས་ལོ་༥༣ ལང་མི་ རིག་འཛིན་སྒྲོལ་མ་དེ་ སྤྱི་ཟླ་༨ པའི་ཚེས་༡༩ གི་དྲོ་པར་ ཆུ་ཚོད་༧ དང་༨ ཀྱི་བར་ན་ མོ་གི་ནོར་ལུ་ ཆག་བྱིན་པར་སོང་སྟེ་ ལོག་ཁྱིམ་ནང་ལྷོདཔ་ད་ རི་དྭགས་སེམས་ཅན་ རི་ཕག་ཁྱུ་ཅིག་ མོ་གི་ གེ་ཟའི་ཞིང་ནང་ འཛུལ་ཐོག་ལས་ གེ་ཟ་སྡོད་སར་མཐོང་ནུག།
མོ་ར་ རི་ཕག་ཚུ་ལུ་བལྟ་སྟེ་ ཡུདཔ་ཐེངས་ཅིག་ ཧམ་ཐལ་ཡར་སོང་རུང་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ སྐད་རྐྱབ་ཡོདཔ་མ་ཚད་ རོ་ཁྱི་ཧབ་མི་ལུ་བརྟེན་ རི་ཕག་ཚུ་ བྱོག་འགྱོ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རི་ཕག་གིས་ རིག་འཛིན་སྒྲོལ་མའི་ གེ་ཟ་ཞིང་གནོད་སྐྱོན་རྐྱབ་སར་དེ་ ལྷུན་རྩེ་སྨན་སྦིས་རྒེད་འོག་ ཀུན་འཕེལ་གཡུས་ཚན་ནང་ཨིནམ་ད་ ཞག་༡ མ་ཉལ་བར་ ཞིང་མཐའ་སྐོར་ཏེ་ སྐད་རྐྱབ་ཅི་ར་ སྲུང་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་ འོང་མ་ཚུགས་རུང་ དྲོ་པར་ལོ་ཐོག་སྲུང་མི་ ག་ཡང་མེདཔ་ད་ རི་ཕག་ཚུ་གིས་ གོ་སྐབས་ལེན་ནུག་ཟེར་ ཨ་ལུ་༦ གི་ཨའི་ རིག་འཛིན་སྒྲོལ་མ་གིས་ བཤདཔ་ཨིན་པས།
རི་ཕག་ཚུ་གིས་ གླང་དོ་༡ ནང་ འཛུགས་སྐྱོང་འབད་མི་ གེ་ཟའི་ཞིང་ཕྱེད་ཀ་ཅིག་ མེདཔ་བཏང་ཡོདཔ་ལས་ འཚོ་སྐྱོང་ལུ་ ཐོ་ཕོག་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།
སོ་ནམ་པ་གཞན་ ཀུན་ལེགས་སྲིད་ཐུབ་ཀྱིས་ སླབ་མིའི་ནང་ རེ་ཚེ་སྐབས་ འུ་སྡུག་ཐང་ཆད་ནི་དེ་གིས་ གཉིད་ཐལ་སྡོད་པའི་བར་ན་ རི་ཕག་ཚུ་གིས་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ ཞིང་ནང་འཛུལ་ཏེ་ གེ་ཟ་ཟ་སྡོདཔ་མས་ཟེར་ཨིན་པས།

སྐྱེས་ལོ་༦༡ ལང་མི་ ཚེ་རིང་ཆོས་འཛོམས་ཀྱིས་ ནུབ་མོར་ འཕྲུལ་མེ་བཏེགས་ཐོག་ལས་ མོ་རའི་ གེ་ཟ་ཞིང་ནང་ རི་དྭགས་སེམས་ཅན་ འཛུལ་མ་འཛུལ་ བལྟ་བར་འགྱོ་བའི་བསྒང་།

ད་རུང་ རྒེད་འོག་དེ་གི་ གྲུབ་ཆུ་དགོན་པའི་ གཡུས་ཚན་ནང་ དོམ་ཚུ་གིས་ བདུན་ཕྲག་༡ གི་ ནང་འཁོད་ནང་ར་ ཁྱིམ་གུང་པ་༡༡ གི་ གེ་ཟའི་ཞིང་ཨེ་ཀར་༢ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ རྒེད་འོག་སོ་ནམ་འགོ་དཔོན་དང་ བདག་སྐྱོང་ལུ་ སྙན་ཞུ་འབད་ཡི་ཟེར་ ཀམ་དར་ཚོགས་པ་ བདེ་སྐྱིད་གཡང་འཛོམས་ཀྱིས་ བཤདཔ་ཨིན་པས།
དོམ་དེ་ཚུ་ ནུབ་མོར་ཨ་རྟག་ར་ཐོན་ཏེ་ གེ་ཟ་ཚུ་ ཧ་ལམ་ཟ་ཚར་དོ་ཟེར་ སྐྱེས་ལོ་༦༡ ལང་མི་ ཚེ་རིང་ཆོས་འཛོམས་ཀྱིས་ བཤད་པའི་ཁར་ ཁོང་གིས་ ག་དེ་ཅིག་ར་ སྐད་རྐྱབ་རུང་ དོམ་ཚུ་གིས་ འདྲོག་མ་བཏུབ་པར་ ཧེང་སྐལ་ར་ གནོདཔ་བཀལ་དོ་ཡོདཔ་ལས་ མིའི་ཚེ་སྲོག་ལུ་ ཉེན་ཁ་ཟེར་ཨིན་པས།
ཚེ་རིང་ཆོས་འཛོམས་ཀྱིས་འབད་བ་ཅིན་ རི་ཕག་དང་ དོམ་ ཀ་ཤ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་ནི་ལས་ བཀག་ཐབས་ལུ་ དུས་ཅི་ དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་ ཟད་འགྲོ་བཏང་སྟེ་ ལྕགས་ཀྱི་ར་བ་བསྒོར་ཡོད་རུང་ དོམ་ཚུ་གིས་ འདྲོག་མ་བཏུབ་པར་ཡོདཔ་ལས་ གཞུང་གིས་ གློག་ཐག་ར་བ་བསྒོར་ནི་གི་ རྒྱབ་སྐྱོར་གནང་དགོཔ་འདུག་ཟེར་ཨིན་པས།
ཚོགས་པ་བདེ་སྐྱིད་གཡང་འཛོམས་ཀྱིས་ བཤད་མིའི་ནང་ གེ་ཟ་འཛུགས་སྐྱོང་འབད་བའི་སྐབས་ ཀ་ཤ་དང་ ཕགཔ་ཚུ་གིས་ གེ་ཟའི་སོན་ཚུ་ བཏོན་ཟ་བའི་དཀའ་ངལ་བྱུང་པའི་ གནས་སྡུད་ཡང་ རྫོང་ཁག་སོ་ནམ་འགོ་དཔོན་ལུ་ ཕུལ་ཡོད་རུང་ རྒུད་འཐུས་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
སྨན་སྦིས་རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ ཕུརཔ་སྒྲོལ་མ་གིས་ སླབ་མིའི་ནང་ ཚོགས་པ་གིས་ སྙན་ཞུ་ལྷོད་པའི་ཤུལ་ལས་ ལྟ་རྟོག་དང་ ཞིབ་དཔྱད་འབད་བའི་སྐབས་ ཁྱིམ་གུང་པ་ཕུད་རྡོག་གཅིག་གི་ གེ་ཟ་ཞིང་ལུ་ གནོད་སྐྱོན་སྦོམ་སྦེ་ རྐྱབ་ཡོདཔ་མ་གཏོགས་ མི་སེར་གཞན་ཚུ་གི་ གེ་ཟ་ཚུ་ དུམ་གྲ་རེ་ལས་བརྒལ་ མ་ཟ་བས་ཟེར་ཨིན་པའི་གནས་ཚུལ།

སྟག་སྐད་ལ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *