གློག་ཐག་རཝ།

རི་ཕག་དང་སྤྱ་གིས་ ལོ་ཐོག་ལུ་གནོདཔ་བཀལ་མི་གིས་ སོ་ནམ་པ་ཚུ་ལུ་ གདོང་ལེན།

༉ སྤུ་ན་ཁ་རྫོང་ཁག་ གླིང་མུ་རྒེད་འོག་ དོམ་པ་ལ་གཡུས་ཚན་དང་ དཀར་སྦྱིས་རྒེད་འོག་༢ ནང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོདཔ་བཀལ་ཏེ་ དཀའ་ངལ་བྱུང་བཞིན་དུ་ཡོད་པའི་ཁར་ དུས་ཅི་ དམིགས་བསལ་དུ་ ཧེ་མ་བ་ལྷགཔ་སྦེ་ གནས་སྟངས་སྐྱོ་དྲགས་ཐལ་སོ་ཡི་ཟེར་ཨིན་པས།
དོམ་པ་ལ་གཡུས་ཚན་དེ་ནང་ གློག་ཐག་རཝ་མ་ཐོབ་པའི་གཡུས་ཚན་༡ ཨིནམ་ད་ མི་སེར་ཚུ་གིས་ སླབ་མིའི་ནང་ ཁྱིམ་ནང་མི་༢ མེད་པ་ཅིན་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ལས་ སྲུང་ཚུགས་ནི་དེ་ ལཱ་ཁག་ཨིན་ཟེར་ཨིན་པས།
གཡུས་སྒོ་འདི་ནང་ལས་ སྐྱེས་ལོ་༦༨ ལང་མི་ དངོས་གྲུབ་དབང་འདུས་ཀྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ལོ་ཐོག་དེ་སྦེ་ སྲུང་མ་དགོ་པའི་ཁར་ གལ་སྲིད་ སྲུང་དགོཔ་རེ་འཐོནམ་ད་ མི་༡ གིས་ ཞིང་ཆ་མཉམ་ སྲུང་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ལོ་ཐོག་ཚུ་ ཉིན་མར་སྤྱ་གིས་ གནོདཔ་བཀལ་བའི་ཁར་ ཕྱི་རུ་རི་ཕག་དང་ ཀ་ཤ་ཚུ་གིས་ གནོདཔ་བཀལཝ་མས་ཟེར་ཨིན་པས།
ལོ་༣ གྱི་ཧེ་མར་ གླིང་མུ་ཁ་སྤྱི་འོག་དེ་ རྒེད་འོག་གི་གྲས་ལས་ གློག་ཐག་རཝ་སྒོར་མི་ དང་པ་ཨིནམ་ད་ དེ་གི་ཤུལ་ལས་ སྣབ་ཕྱིས་དང་ ཨོམ་བསྟོད་ཁ་ལུ་ཡང་ གློག་ཐག་རཝ་སྒོར་ཡོདཔ་ཨིན་པས།
དངོས་གྲུབ་དབང་འདུས་ཀྱིས་ སླབ་མིའི་ནང་ གཡུས་ཚན་ཚུ་ནང་ གློག་ཐག་རཝ་ཡོད་མི་ལུ་བརྟེན་ སེམས་ཅན་ཚུ་གིས་ གློག་ཐག་རཝ་མེད་པའི་ ཉེ་འདབས་ཀྱི་གཡུས་ཚན་ནང་ གནོདཔ་བཀལཝ་མས་ཟེར་ཨིནམ་ད་ དུང་དཀརམོ་གཡུས་ཚན་དེ་ ཁུ་རུ་ཐང་གི་ ཉེ་འདབས་ལུ་འབད་ནི་དེ་གིས་ གློག་ཐག་རཝ་མེད་རུང་ སེམས་ཅན་གྱིས་ གནོད་སྐྱོན་སྦོམ་མི་རྐྱབ་པས་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལས་༢༠༡༦ ཚུན་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་ཚུ་ནང་ ཁྱིམ་གུང་པ་༤༢ དེ་ཅིག་ལུ་ ཀི་ལོ་མི་ཊར་༡༤ གི་ གློག་ཐག་རཝ་སྒོར་ཡོདཔ་ད་ ལོ་ཤུལ་མམ་ནང་ ཁྱིམ་གུང་པ་༨༥ ལུ་ གློག་ཐག་རཝ་ ཀི་ལོ་མི་ཊར་༤༤ སྒོར་བའི་ཁར་ ཀི་ལོ་མི་ཊར་༩༤ འབད་མི་ གློག་ཐག་རཝ་དེ་ ཁྱིམ་གུང་པ་༢༤༨ ཀྱི་དོན་ལུ་ སྒོར་ཡོདཔ་ཨིན་པས།
དོམ་པ་ལ་ལས་ སྐྱེས་ལོ་༧༥ ལང་མི་ ཆོས་འཛོམས་ཀྱིས་ སླབ་མིའི་ནང་ ཧེ་མ་བཟུམ་འབད་མེན་པར་ དུས་ཅི་ ཞིང་གི་མཐའ་སྐོར་ཏེ་ སྦ་སྒོར་ཚུ་རྐྱབ་ཐོག་ལས་ ལོ་ཐོག་སྲུང་དོ་ཡོདཔ་ལས་ ཁྱིམ་ནང་ཉལ་ནིའི་གོ་སྐབས་ཡང་ མི་ཐོབ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རི་ཕག་ཚུ་ ཁྱུ་འབད་འོང་བའི་བསྒང་ལས་ མི་གཅིག་དང་གཉིས་ཀྱིས་ བདའ་གཏང་མ་ཚུགས་པར་ ཁོང་ར་ ལོ་ཐོག་སྲུང་སྡོད་མི་ཚུ་ གཅིག་གིས་གཅིག་ལས་ གྲོགས་རམ་འཚོལ་ཏེ་ བདའ་དགོཔ་ཐོནམ་མས་ཟེར་ཨིན་པས།
ང་བཅས་ཀྱི་ ལོ་ཐོག་མང་ཤོས་ རི་དྭགས་སེམས་ཅན་ཚུ་གིས་ ཟ་ཚར་ཏེ་ཡོད་པའི་ཁར་ རི་ཕག་ཚུ་ མི་ལུ་ཡང་མི་འདྲོག་དོ་ཡོདཔ་ལས་ ཨ་ལོ་ཚུ་ ཞིང་ཁར་ཐོག་སྲུང་པར་འགྱོཝ་ད་ ཕགཔ་གིས་གནོདཔ་མི་བཀལ་ག་ཟེར་ ཚ་གྱང་ལང་སྟེ་ གཉིད་ཡང་ལོག་མི་བཏུབ་པས་ཟེར་ ཆོས་འཛོམས་ཀྱིས་ བཤད་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ གདོང་ལེན་སྦོམ་གྱི་ཐོག་ལས་ ལྕང་ལཱ་རྐྱབ་སྟེ་ ད་རེས་ འབྱ་འཚོ་རན་ཁར་ལྷོདཔ་ད་ ཐོག་ག་ར་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བལྟ་སྟེ་ དབུགས་འགམ་བྱུངམ་མས་ཟེར་ཨིན་པས།
འདི་བཟུམ་གྱི་ གནས་སྟངས་སྐྱོ་དྲགས་ལུ་བརྟེན་ བུམོ་གིས་འབད་བ་ཅིན་ ལོ་ཤུལ་མམ་ལས་ ལྕང་ལཱ་མི་རྐྱབ་ཟེར་སླབ་ཡོད་རུང་ ཞིང་ཚུ་ལོ་༡ ལཱ་མ་འབད་བར་བཞག་པ་ཅིན་ ཤུལ་ལས་ལཱ་འབད་བའི་སྐབས་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ཁོང་གི་ཁྱིམ་ཚང་ལ་ལོ་ཅིག་གིས་ ལྕང་ལཱ་མ་རྐྱབ་པར་ ཞིང་སྟོངམ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༤༩ ལང་མི་ རྣམ་རྒྱས་བུ་དར་གྱིས་ སླབ་མིའི་ནང་ གློག་ཐག་རཝ་དེ་གིས་ མོ་གི་གཡུས་ཁར་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོདཔ་བཀལ་ནི་དེ་ མར་ཕབ་འབད་ཡོདཔ་ད་ རི་ཕག་སྦོམ་ཚུ་ གློག་ཐག་རཝ་གིས་ བཀག་མི་ཚུགས་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྱ་ཞིང་རྒྱ་ཆེཝ་སྦེ་ཡོདཔ་ལས་ རི་ཕག་ཚུ་ ནང་ན་འཛུལ་ཚར་ཞིནམ་ལས་ ལོག་ཕྱི་ཁར་ གཏོན་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ འདས་པའི་ལོ་༢ ནང་ གནོད་པ་སྦོམ་མ་ཐོན་རུང་ དུས་ཅི་ གློག་མེ་རཝ་ཡོད་དེ་འབད་རུང་ ལོ་ཐོག་དུམ་གྲ་རེ་ གནོདཔ་བཀལ་ནུག་ཟེར་ཨིན་པས།
སི་རི་སྒང་ ཝ་ཀུ་དམ་ཅི་ལས་ ཚེ་རིང་གཡང་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལོ་ཐོག་ཚུ་ཕྱི་རུ་ རི་ཕག་ལས་མ་གཏོགས་ སྲུང་དགོཔ་མེད་རུང་ ད་རེས་ནངས་པར་ ཉིན་མ་སྤྱ་ལས་ཡང་ སྲུང་དགོཔ་ཐོན་དོ་ཡོདཔ་ལས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
སྤུ་ན་ཁ་ལུ་ ཁྱིམ་གུང་བསྡོམས་༥,༩༨༤ ཡོད་པའི་གྲས་ལས་ ཁྱིམ་གུང་༣༧༥ ལུ་ གློག་ཐག་རཝ་ ཀི་ལོ་མི་ཊར་༡,༠༦༩ སྒོར་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *