རི་དྭགས་སེམས་ཅན་དང་ རང་བཞིན་གྱི་རྐྱེན་ངན་ལུ་བརྟེན་ གནས་སྤོ་འགྱོ་དོ་ཡོདཔ།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ གྲོང་གཡུས་ལས་ ཁྲོམ་ཁར་གནས་སྤོ་འོང་མི་བརྟེན་ གྲོང་གསེབ་གཡུས་ཚན་ཚུ་ནང་ ལས་མི་མ་ལང་པའི་དཀའ་ངལ་ བརྒྱ་ཆ་༥༣ དེ་ཅིག་ ཐོན་ཡོདཔ་ད་ དེ་གིས་ ལྷན་ཁག་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ གནས་སྤོ་འགྱོ་དགོ་པའི་ རྒྱུ་རྐྱེན་ངོ་མ་ར་ གཡུས་ཚན་ནང་ ལས་མི་མ་ལང་པའི་ དཀའ་ངལ་བྱུང་བའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ མེདཔ་བཏང་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༦ ལུ་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་བརྒྱ་ཆ་༤༠ དེ་ཅིག་ མེདཔ་བཏང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ བརྒྱ་ཆ་༤༣ དེ་ཅིག་ མེདཔ་བཏང་ནུག།
སྙན་ཞུ་ནང་ ད་རེས་ནངས་པར་ གཡུས་ཚན་ཚུ་ནང་ སོ་ནམ་ཞིང་ལམ་སེལ་རུང་ སོ་ནམ་ཐོན་སྐྱེད་བཙོང་སའི་ གོ་སྐབས་མེད་པའི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིནམ་ད་ ན་ཧིང་ རླུང་འཚུབས་དང་ སེརཝ་ལ་སོགས་པའི་ རྐྱེན་ངན་བྱུང་མི་ལུ་བརྟེན་ སོ་ནམ་ཐོན་སྐྱེད་བརྒྱ་ཆ་༣ དེ་ཅིག་ མེདཔ་བཏང་ནུག་ཟེར་ཨིན་པས།
ཨིན་རུང་ ཆུ་གཡུར་གི་ཞབས་ཏོག་ ཡར་སེང་འགྱོ་མི་དེ་ཡང་ ཆུ་གཡུར་ཚུ་ ལེགས་བཅོས་འབད་ནི་དེ་གིས་ཨིནམ་ད་ དེའི་གྲས་ལས་ རྒྱལ་ཁབ་ནང་སྦོམ་ཤོས་ཅིག་ཨིན་མི་ བསམ་རྩེ་ འོད་གསལ་གླིང་རྒེད་འོག་གི་ ཀུ་ཅི་དའི་ན་གཡུར་བ་དེ་ ཉམས་བཅོས་འབད་ཚུགས་ནི་དེ་གིས་ ཁྱིམ་གུང་པ་༣༠༠ གི་ ཆུ་ཞིང་བསྡོམས་ ཨེ་ཀར་༩༥༠ དེ་ཅིག་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
གྲོང་གཡུས་ནང་སྡོད་མི་ བརྒྱ་ཆ་༧ དེ་ཅིག་གིས་འབད་བ་ཅིན་ རི་དྭགས་སེམས་ཅན་གྱི་ གནོད་སྐྱོན་དང་ རང་བཞིན་གྱི་རྐྱེན་ངན་ དེ་ལས་ ལོ་ཐོག་གི་ སྤུས་ཚད་ལེགས་ཤོམ་མེད་མི་དེ་གིས་ སྤྱིར་བཏང་སོ་ནམ་ཐོན་སྐྱེད་ལུ་ གནོད་ཡོདཔ་ལས་ ཐོན་སྐྱེད་བརྒྱ་ཆ་༨ དེ་ཅིག་ མར་བབས་སོང་ཡོདཔ་ད་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་གི་གྲས་ལས་ གཙོ་བོ་ འབྱ་དང་ གེ་ཟ་ཚུ་ རྒྱ་ཆེ་དྲགས་སྦེ་ མེདཔ་བཏང་ནུག་ཟེར་ ཨིན་པས།
ན་ཧིང་ རི་དྭགས་སེམས་ཅན་ཚུ་གིས་ ཆུ་ཞིང་ཨེ་ཀར་༡,༢༨༣ དེ་ཅིག་ནང་ལས་ཐོན་མི་ རེད་མེ་ཊིག་ཊཱོན་༡༣༥༦ དེ་ཅིག་ མེདཔ་བཏང་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ ཆུ་ཞིང་ཨེ་ཀར་༡༩༧༥ གྱི་རེད་ མེ་ཊིག་ཊཱོན་༢༣༣༠ མེདཔ་བཏང་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ གེ་ཟ་འབད་བ་ཅིན་ མེ་ཊིག་ཊཱོན་༣༨༩༢ དང་ སྤྱི་ལོ་༢༠༡༥ ལུ་ མེ་ཊིག་ཊཱོན་༣༧༥༣ དེ་ཅིག་ མེདཔ་བཏང་ནུག།
སྤྱི་ལོ་༢༠༡༥ ལུ་ ཀེ་བ་མེ་ཊིག་ཊཱོན་༡༠༨༣ དང་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་༣༧༣ མེདཔ་བཏང་ཡོདཔ་ད་ ན་ཧིང་ ཚོད་བསྲེའི་རིགས་ མེ་ཊིག་ཊཱོན་༤༡༢ དེ་ཅིག་ མེདཔ་བཏང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *