༉ སྤྱི་ལོ་༢༠༠༤ ལུ་ བུམ་ཐང་ཆོས་འཁོར་དང་ སྟང་རྒེད་འོག་༢ ཀྱི་ གཡུས་ཚན་༤ གི་ སོ་ནམ་པ་ཚུ་གིས་ ཁས་བླངས་ཐོག་ལས་ འབྱ་འཛུགས་སྐྱོང་འབད་དེ་ ཐོན་སྐྱེད་འགོ་དང་པ་ བརྔ་ནི་ཐོབ་ད་ སེམས་དགའ་དྲགས་ཏེ་ མིག་ཆུ་ཐོན་ཡོདཔ་ཨིན་པས།
འབྱ་འཛུགས་སྐྱོང་འབད་ནི་དེ་ རྒྱ་སྐྱེད་འབད་དེ་ སྤྱི་ལོ་༢༠༡༦ ལས་ བུམ་ཐང་རྫོང་ཁག་ནང་ འབྱ་ཞིང་ཨེ་ཀར་༡༥༥ ལྷགཔ་ཅིག་ནང་ ལྕང་སོན་འཛུགས་སྐྱོང་འབད་ནུག།
སྟང་རྒེད་འོག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འབྱ་རིགས་མ་འདྲཝ་ལེ་ཤ་ཅིག་ར་ མོ་བཏབ་འབད་ཡོདཔ་མ་ཚད་ བྱ་དཀར་རེད་གནགཔོ་ཟེར་མི་སོན་དེ་ རྒྱ་མཚོའི་གནས་ཚད་ལས་ མཐོ་ཚད་མི་ཊར་༢,༦༠༠-༢,༧༠༠ གི་བར་ནའི་ ས་ཁོངས་ཚུ་ནང་ འཛུགས་སྐྱོང་འབད་ནི་ལུ་ འོས་འབབ་ལེགས་ཤོམ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
སྟང་རྒེད་འོག་ནང་ མི་སེར་མང་ཤོས་ཅིག་གིས་ འབྱ་ལཱ་འབད་ནི་གི་ སྤྲོ་བ་བསྐྱེད་ཡོད་རུང་ ཞིང་ཆུའི་མཐུན་རྐྱེན་ཚུ་ མེད་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་ཉེན་ཡོད་མི་ལུ་བརྟེན་ སྤྲོ་བ་ཞན་ཡོདཔ་ཨིན་པས།
ཉིམ་ལུང་གཡུས་ཚན་ལས་ སྐྱེས་ལོ་༥༦ ལང་མི་ སོ་ནམ་པ་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འབྲུ་སྣ་གཞན་ཚུ་དང་ཕྱདཔ་ད་ འབྱ་གི་ཐོན་ཤུགས་དེ་ ལེ་ཤ་གིས་ དྲག་དོ་ཡོདཔ་ཨིན་རུང་ ཆུ་རྐ་ཆུང་ཀུ་ཅིག་ལས་བརྒལ་ མེད་མི་དེ་ ཁྱིམ་གུང་༩ གི་བར་ན་ བགོ་བཤའ་རྐྱབ་དགོཔ་འབདཝ་ད་ ཞིང་ཆུ་ལངམ་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་ཡིག་ཚང་གིས་ ཆུ་མཛོད་ཆུང་ཀུ་ཅིག་རྐྱབ་སྟེ་ ཆུ་དུང་མཐུད་སྦྲེལ་འབད་ཐོག་ལས་ སོ་ནམ་པ་ཚུ་ལུ་ གྲོགས་རམ་འབད་ཡོདཔ་ད་ ལྕང་ལཱ་རྐྱབ་པའི་སྐབས་ ཞིང་ཆུའི་དཀའ་ངལ་སྦོམ་ བྱུངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མ་གཞི་ གཡུས་ཚན་དེ་ནང་ ཆུ་སྦོམ་ཐོན་སའི་ ཆུ་རྐ་ཅིག་ཡོད་རུང་ འབྱ་ལཱ་འབད་ནི་མེད་པའི་ སོ་ནམ་པ་གཞན་ཚུ་གིས་ ཆུ་རྐ་མཉམ་སྤྱོད་འབད་ནི་གི་ ངོས་ལེན་འབད་མི་བཏུབ་པས་ཟེར་ བསོད་ནམས་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།
མ་གཞི་ ང་ལུ་ ཆུ་ཞིང་མེད་རུང་ གཞན་གྱི་ཆུ་ཞིང་ནང་ འབྱ་འཛུགས་སྐྱོང་ཐོག་ བགོ་མཐུན་ཐོག་ བཟའ་སྤྱོད་འབད་དོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རུང་ ཉིམ་ལུང་ལས་ རྡོ་རྗེ་མཚོ་མོ་གིས་ མོ་གི་ཞིང་ནང་ སོན་བཏབ་ནིའི་དོན་ལུ་ ད་ལྟོ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ད་ མོ་ལུ་ གདོང་ལེན་སྦོམ་ཤོས་ར་ ལྕང་ལཱ་རྐྱབ་པའི་ ཞིང་ཆུ་ལངམ་སྦེ་ མ་ཐོབ་མི་དེ་ཨིན་ཟེར་ མོ་གིས་ བཤད་པའི་ཁར་ ཆུའི་དཀའ་ངལ་ལུ་བརྟེན་ སོ་ནམ་པ་ཚུ་གིས་ འབྱ་འཛུགས་སྐྱོང་འབད་ནི་གི་ སྤྲོ་བ་མི་བསྐྱེད་པས་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ ཉིམ་ལུང་གཡུས་ཚན་གྱི་ གདོང་ཕྱོགས་ལུ་ གཙང་ཆུའི་ཕར་ལོགས་ལུ་ཡོད་མི་ སྒང་མཇུག་གཡུས་ཚན་ནང་ ཞིང་ཆུའི་དཀའ་ངལ་མེདཔ་ཨིན་པས།
ཨིན་རུང་ སྤང་གཞིས་དང་ སྦལཔ་ཟུར་སྤྱི་འོག་གཉིས་ནང་ འབྱ་ལཱ་རྐྱབ་མི་ སོ་ནམ་པ་ཚུ་ལུ་ དཀའ་ངལ་བྱུང་སྟེ་ར་ཡོདཔ་ད་ སྤང་གཞིས་ལས་ སོ་ནམ་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལྕང་ལཱའི་སྐབས་ ཞིང་ཆུ་དཔག་ནིའི་དོན་ལུ་ ཁོ་གི་ཁྱིམ་ཚང་ཚུ་ལས་ ཆུ་དུང་བརྙ་སྟེ་ འབད་དོ་ཟེར་ཨིན་པས།
སྦལཔ་ཟུར་ལས་ སྐྱེས་ལོ་༥༦ འབད་མི་ སོ་ནམ་པ་ བཀྲིས་བསྟན་འཛིན་གྱིས་ ཧེ་མ་འབད་བ་ཅིན་ ཞིང་ཆུའི་དཀའ་ངལ་མེད་རུང་ འདས་པའི་ལོ་དག་པ་ཅིག་ལས་ ཀུན་བཟང་བྲག་གི་ སོ་ནམ་པ་ཚུ་དང་ ཆུ་རྐ་མཉམ་སྤྱོད་འབད་ནི་ འགོ་བཙུགསཔ་ད་ དཀའ་ངལ་ཐོན་ཡི་ཟེར་ བཤདཔ་ཨིན་པས།
སྟང་ལུ་ ཀེ་བ་དེ་ དངུལ་ཐོག་གཙོ་ཅན་ཅིག་ཨིན་རུང་ རྒེད་འོག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཀེ་བའི་ནད་འབུབ་ བཱ་ལ་ཡེཊ་ཐོན་མི་དང་ རིན་བསྡུར་ཚོང་སྒྱུར་ཁང་གི་ གོང་ཚད་བརྟན་ཏོག་ཏོ་མེད་མི་ལུ་བརྟེན་ གྲོང་གསེབ་མི་སེར་ཚུ་གིས་ འབྲུ་སྣ་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཧ་གོ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ དཀའ་ངལ་ཚུ་ཡོད་རུང་ འཆལ་གཞི་༡༢ པའི་ གྲོས་བསྟུན་ཞལ་འཛོམས་སྐབས་ སོ་ནམ་པ་ཚུ་གིས་ འབྱ་འཛུགས་སྐྱོང་གི་དོན་ལུ་ ཞིང་ཆུ་བཏོན་དགོ་པའི་སྐོར་ གྲོས་འཆར་ག་ནི་ཡང་ མ་ཞུ་ཟེར་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་རུང་ སྟང་རྒེད་འོག་ནང་ རི་དྭགས་སེམས་ཅན་གྱི་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ཨིན་པས།
གློག་རྒྱུན་ར་བ་བསྒོར་ནིའི་དོན་ལས་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་རུང་ ཁྱབ་མ་ཚུགས་པར་ཡོད་ཟེར་ རྡོ་རྗེ་མཚོ་མོ་གིས་ བཤད་པའི་ཁར་ གློག་རྒྱུན་ར་བ་ཐོབ་མི་ཚུ་ལུ་ ཁེ་ཕན་བྱུང་སྟེ་འདུག་ཟེར་ བཤདཔ་ཨིན་པས།
ད་ལྟོ་ གློག་རྒྱུན་ར་བ་མ་ཐོབ་མི་ རྡོ་རྗོ་མཚོ་མོ་བཟུམ་མའི་ སོ་ནམ་པ་ཚུ་གིས་ འབྱ་ཞིང་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཉིན་ནུབ་མེད་པར་བསྲུང་དགོཔ་ བྱུང་དོ་ཡོདཔ་ཨིན་པས།
སོ་ནམ་གྱི་ རྩིས་དཔྱད་དང་འཁྲིལཝ་ད་ བུམ་ཐང་རྫོང་ཁག་ནང་ འབྱ་ཞིང་ཨེ་ཀར་༡ དེ་ཅིག་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལུ་བརྟེན་ རེད་ཀྱི་ཐོན་སྐྱེད་མེ་ཊིག་ཊཱོན་༡ གྱོང་རྒུད་ཕོག་ཡོདཔ་ད་ རྫོང་ཁག་དེ་ནང་ འབྱ་ལཱ་འབད་མི་ སོ་ནམ་པ་ཚུ་གིས་ ཁོང་རའི་འབྱ་ཞིང་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ ཉེན་སྐྱོབ་འབད་ཐབས་ལུ་ ལོ་༡ ནང་ ཉིན་གྲངས་༧༢ དང་ ཞག་གྲངས་༨༨ ཞིང་སྲུང་སྟེ་ སྡོདཔ་ཨིན་པས།
བུམ་ཐང་ལུ་ འབྱ་ཞིང་ཨེ་ཀར་༡༥༥ དེ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་མི་ལས་ རེད་མེ་ཊིག་ཊཱན་༢༢༢ དེ་ཅིག་ ཐོན་སྐྱེད་འབདཝ་ཨིན་པའི་གནས་ཚུལ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …