རི་དྭགས་སེམས་ཅན་གྱི་གནོད་ཉེན་ལུ་ ཉེས་འཁྲི་བཀལ་དགོ་པའི་ཞུ་བ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཞུགས་ནང་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མའི་ ལེའུ་༥ པ་ འཛོལ་མེད་ཉེས་འཁྲི་འོག་ལུ་ སྒོ་ནོར་སེམས་ཅན་གྱི་ ཧམ་འཛུལ་ལུ་བརྟེན་ ཇོ་བདག་ ཡང་ཅིན་ བདག་དབང་བཟུང་མི་ལུ་ ཉེས་འཁྲི་བཀལ་དགོཔ་སྦེ་ འཁོད་མི་ལུ་ རྒྱབ་སྐྱོར་ཕུལ་བའི་ཁར་ རི་དྭགས་སེམས་ཅན་གྱི་ ཧམ་འཛུལ་འབད་མི་ལུ་ཡང་ ཉེས་འཁྲི་བཀལ་དགོ་པའི་སྐོར་ལས་ཡང་ ཚུད་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ དར་དཀར་ནང་འཐུས་མི་ སུར་ཇ་མཱན་ཐ་པ་གིས་ མིའི་ཚེ་སྲོག་དང་ རྒྱུ་དངོས་ ལོ་ཐོག་ཚུ་ སྒོ་ནོར་སེམས་ཅན་གྱིས་ གནོདཔ་བཀལཝ་ད་ སེམས་ཅན་གྱི་ ཇོ་བདག་དང་ བདག་དབང་བཟུང་མི་ཚུ་ལུ་ ཉེས་འཁྲི་བཀལ་ཏེ་ ཉམས་རྒུདཔ་ཚུ་ལུ་ རྒུད་འཐུས་འཐོབ་པའི་ ཁྲིམས་བརྩམས་མི་གིས་ ཁེ་ཕན་འདུག་ཟེར་ཨིན་པས།

ཨིན་རུང་ བདག་འཛིན་འབད་མི་མེད་པའི་ རི་དྭགས་སེམས་ཅན་ གླངམོ་ཆེ་དང་ སྟག་ གཟིག་ རི་ཕག་ ཤཝ་ ཀ་ཤ་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་དོ་ཡོདཔ་ལས་ འགན་འཁྲི་དེ་ རི་དྭགས་སེམས་ཅན་ལྟ་རྟོག་འབད་མི་ གཞུང་གི་གཙུག་སྡེ་དང་ ལྷན་ཁག་ ལས་ཁུངས་ ལས་སྡེ་ལུ་ བཀལ་དགོཔ་གལ་ཆེ་ནི་མས་ཟེར་ ཞུ་ཡི།

གལ་སྲིད་ ཉེས་འཁྲི་བཀལ་བ་ཅིན་ མ་འོངས་པའི་ནང་ སྔོན་འགོག་འབད་ནི་ལུ་ ཐབས་ལམ་བཏོན་འོང་ཟེར་ ཞུ་ཡི།

དོན་ཚན་༨༠ པ་ནང་ གལ་སྲིད་ སྒོ་ནོར་སེམས་ཅན་གྱི་ གཞན་གི་ས་ཆ་ནང་ ཧམ་འཛུལ་འབད་དེ་ མི་ངོ་འདི་ལུ་ ཡང་ཅིན་ ས་ཆ་དང་རྒྱུ་དངོས་ལུ་ གནོད་སྐྱོན་རྐྱབ་པ་ཅིན་ སྒོ་ནོར་སེམས་ཅན་གྱི་ཇོ་བདག་ ཡང་ཅིན་ བདག་དབང་གི་ཁ་ཐུག་ལས་ ཧམ་འཛུལ་འབད་ནི་ལས་ སྔོན་འགོག་འབད་ནི་ལུ་ དྲན་སེམས་བསྐྱེད་དེ་ཡོད་རུང་ སྒོ་ནོར་སེམས་ཅན་དེའི་ ཇོ་བདག་ ཡང་ཅིན་ བདག་དབང་ལུ་ ཉེས་འཁྲི་སྨིན་དགོ་ཟེར་ འཁོད་དེ་འདུག།

དོན་ཚན་༨༡ པ་ནང་ སྒོ་ནོར་སེམས་ཅན་གྱི་ ཇོ་བདག་ ཡང་ཅིན་ བདག་དབང་ལུ་ དོན་ཚན་༨༠ པའི་ནང་གསལ་ལྟར་ ཉེས་འཁྲི་མ་ཕོགཔ་སྦེ་ཡོད་མི་དེ་ཡང་ གལ་སྲིད་ ཡན་ལག་དོན་ཚན་༣ པ་ལྟར་ ཉམས་རྒུདཔ་གིས་ ཁྲིམས་ཀྱི་མཁོ་གལ་ལྟར་ སྒོ་ནོར་སེམས་ཅན་གྱི་ ཧམ་འཛུལ་བཀག་ཐབས་ཀྱི་ རཝ་རྐྱབ་ནི་ལས་ འཐུས་ཤོར་བྱུང་པ་ཅིན་ རྒུད་འཐུས་འཐོབ་ཐབས་མེདཔ་སྦེ་ཨིན་པས།

འཐུས་མི་ སུར་ཇ་མཱན་ཐ་པ་གིས་ ཞུ་མིའི་ནང་ གཡུས་སྒོ་ལས་ཕར་ རཝ་རྐྱབ་ནི་ལུ་ དཀའ་ངལ་ཡོདཔ་བཞིན་དུ་ རཝ་ག་བཟུམ་ཅིག་ རྐྱབ་དགོཔ་ཨིན་ན་ ཁ་གསལ་བཀོད་དགོ་པའི་ཁར་ གནད་དོན་དེ་གིས་ ས་གོ་ཚུ་ནང་ ལག་ལེན་འཐབ་ནི་ལུ་ མགུ་རྙོགས་དྲག་དང་ ཕུང་བཟོ་དོ་ཡོདཔ་ལས་ དོན་ཚན་འདི་ ཕྱིར་བཏོན་བཏང་དགོཔ་སྦེ་ ཞུ་ཡི།

གསར་སྤང་འཐུས་མི་ ཨ་ནན་རའེ་གིས་ ཞུ་མིའི་ནང་ སྒོ་ནོར་སེམས་ཅན་གྱི་ ཧམ་འཛུལ་ལུ་བརྟེན་པའི་ ཉེས་འཁྲི་ཟེར་མེན་པར་ རི་དྭགས་སེམས་ཅན་གྱི་ ཧམ་འཛུལ་ལུ་བརྟེན་པའི་ ཉེས་འཁྲི་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།

གཞི་རྩ་ལས་འབད་བ་ཅིན་ ཉམས་རྒུད་བྱུང་མི་ཚུ་གིས་ གཞུང་དང་ ལས་སྡེ་ སྒེར་སྡེ་ག་ཏེ་ལས་ཡང་ རྒུད་འཐུས་ལེན་ནིའི་སྲོལ་མེད་ཟེར་ ཞུ་བའི་ཁར་ རི་དྭགས་སེམས་ཅན་གྱིས་ མིའི་ཚེ་སྲོག་ལུ་ གནོད་ཉེན་མེདཔ་སྦེ་ བཞག་ནིའི་དོན་ལུ་ ཐབས་ཤེས་གནས་སྐབས་དང་ བཟློག་ཐབས་ཚུ་བཏོན་དགོཔ་མ་ཚད་ གལ་སྲིད་ སྔོན་འགོག་དང་ ཉེན་སྲུང་མེད་པ་ཅིན་ འགན་འཁྲི་དེ་ འབྲེལ་བ་ཡོད་པའི་གཙུག་སྡེ་དང་ ལྷན་ཁག་ ལས་ཁུངས་ ལས་སྡེ་ལུ་ར་ བཀལ་དགོ་ཟེར་ ཞུ་ཡི།

ཁོ་གིས་ ཞུ་མིའི་ནང་ ད་ལྟོ་ཚུན་ རི་དྭགས་སེམས་ཅན་ ལྟ་རྟོག་དང་ བདག་འཛིན་འབད་མི་གཙུག་སྡེ་དང་ བདག་དབང་བཟུང་མི་ཚུ་གིས་ བག་གཡེང་ཤོར་སོཔ་བཟུམ་སྦེ་ མཐོང་ཡི་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་གཙུག་སྡེ་ཚུ་གིས་ རཝ་སྒོར་ནི་མེད་པའི་ཁར་ གཞན་ཐབས་ལམ་མ་བཏོན་པར་ ད་ཚུན་ལུ་ ག་ནི་ཡང་ འབད་ས་མ་མཐོང་ཟེར་ ཞུ་ཡི།

རྒྱལ་རབས་ནང་ཚུད་པའི་ ཁྲིམས་བརྩམ་པའི་བསྒང་ལས་ར་ འབྲེལ་བ་ཡོད་པའི་གཙུག་སྡེ་དང་ ལྷན་ཁག་ ལས་ཁུངས་ ལས་སྡེ་ལུ་ འགན་འཁྲི་བཀལ་བ་ཅིན་ ཕན་རླབས་འབྱུང་འོང་ཟེར་ འཐུས་མི་གིས་ ཞུ་ཡི།

གཞལམ་སྒང་འཐུས་མི་ པདྨ་གྲགས་པ་གིས་ ཞུ་མིའི་ནང་ བག་གཡེང་ཤོར་བའི་ཞོར་ཁ་ལུ་ སྒོ་ནོར་སེམས་ཅན་ཚུ་གིས་ འབྲུ་སྣ་དགུ་འཛུགས་སྐྱོང་འབད་སའི་ ས་ཞིང་ཚུ་ནང་ ཧམ་འཛུལ་འབད་བ་ཅིན་ ཉེས་འཁྲི་བཀལ་ནི་ཟེར་མ་གཏོགས་ ཚོད་བསྲེ་ལྡུམ་ར་སོགས་པ་ཚུ་ དཔྱད་ཡིག་ནང་ མ་ཚུད་པར་ཡོདཔ་ལས་ བཙུགས་དགོཔ་སྦེ་ཞུ་ཡི།

ས་ཞིང་རཝ་སྒོར་དགོཔ་སྦེ་ ཁྲིམས་ག་ཅི་ནང་ཡང་ མ་མཇལ་བའི་ཁར་ འབྲུག་རྒྱལ་ཁབ་ནང་ རཝ་སྒོར་དགོ་པ་ཅིན་ སྒོར་མི་ཚར་ཟེར་ ཞུ་བའི་ཁར་ རང་གི་ས་ཞིང་ཚུ་ ལོ་བསྟར་བཟའ་སྤྱོད་འབད་དགོ་ནི་དང་ སྒོ་ནོར་སེམས་ཅན་ཚུ་གི་དོན་ལུ་ རཝ་སྒོར་དགོཔ་མེདཔ་སྦེ་ མི་སྡེ་ལུ་ གོ་བ་སྤྲོད་དེ་ཡོད་ཟེར་ ཞུ་ཡི།

སོ་ནམ་གྱི་ལཱ་ ག་ཅི་ར་འབད་རུང་ རཝ་སྒོར་དགོ་ཟེར་ ཁྲིམས་ནང་བཀོད་ནིའི་གནས་ཚད་དེ་ ད་ལྟོ་ མ་ལྷོད་ནི་དེ་གིས་ དོན་ཚན་༨༠ པ་དང་༨༡ པ་དེ་ ཚོགས་ཆུང་ནང་འཁོད་ལུ་ གསུང་གྲོས་གནང་དགོཔ་སྦེ་ ཞུ་ཡི།

དཀོན་དྲགས་ཅན་གྱི་སེམས་ཅན་ གླངམོ་ཆེ་དང་ སྟག་ གཟིག་ ཕགཔ་ཚུ་གིས་ ལོ་ཐོག་ལུ་ གནོད་པ་བཀལ་ནི་དང་ རྒྱུ་དངོས་ལུ་ གནོད་སྐྱོན་རྐྱབ་པ་ཅིན་ འབྲུག་ཉེན་བཅོལ་ཁ་ཐུག་ལས་ རྒུད་འཐུས་དུམ་གྲ་རེ་ བྱིན་ནིའི་སྲོལ་ཡོདཔ་ཨིན་པས།

ཉེན་བཅོལ་ཁ་ཐུག་ལས་ རྒུད་འཐུས་ཉུང་སུ་ཅིག་མ་གཏོགས་ འཐོབ་ནི་མེད་མི་དང་ གལ་སྲིད་ མིའི་ཚེ་སྲོག་དང་ ཁྱིམ་དང་ རྒྱུ་དངོས་ལུ་ གནོད་སྐྱོན་རྐྱབ་པ་ཅིན་ ལྷན་ཁག་དང་ ལས་ཁུངས་ཚུ་ལུ་ཡང་ འགན་འཁྲི་བཀལ་ཏེ་ རྒུད་འཐུས་ཚུ་ འབོར་ཆེ་ཏོག་ཏོ་ སྤྲོད་དགོཔ་སྦེ་ ཁྲིམས་ནང་ འཁོད་དགོཔ་གལ་ཆེ་ཟེར་ ཞུ་ཡི།

ཚེ་ཐར་བཏང་མི་སེམས་ཅན་ཚུ་ལུ་ ཇོ་བདག་མེདཔ་ལས་ གནོདཔ་བཀལ་བ་ཅིན་ བདག་དབང་དང་ འགན་འཁྲི་ག་ལུ་བཀལ་ནི་ཨིན་ན་དང་ ཁ་གསལ་སྦེ་ བཀོད་དགོཔ་འདུག་ཟེར་ ཞུ་ཡི།

དེ་གི་དོགས་སེལ་ལུ་ ཁྲིམས་བཟོ་ཚོགས་ཆུང་གི་འཐུས་མི་དང་ ལྷུན་རྩེ་འཐུས་མི་ བསྟན་པ་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷོ་མཚམས་རྫོང་ཁག་ཚུ་ནང་ གླངམོ་ཆེ་གིས་ ལོ་ཐོག་དང་ རྒྱུ་དངོས་ལུ་ གནོད་སྐྱོན་རྐྱབ་པའི་ཁར་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་མི་དང་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ སྤྱ་དང་ བྱི་ཅུང་ཚུ་གིས་ ཤིང་འབྲས་དང་ ལོ་ཐོག་ཚུ་ མེདཔ་བཏང་པའི་ལོ་རྒྱུས་འདུག་ཟེར་ཨིན་པས།

དུས་དང་དུས་སུ་ ནད་འབུབ་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་མི་དང་འཁྲིལ་ རྒུད་འཐུས་ཀྱི་དོན་ལུ་ འགན་འཁྲི་བཀལ་ཚུགས་པ་ཅིན་ རབ་ཨིན་རུང་ རྒུད་འཐུས་སྤྲོད་ནི་ལུ་ གདོང་ལེན་འབྱུང་སྲིད་ནི་ཨིནམ་ལས་ རི་དྭགས་སེམས་ཅན་ཚུ་ མ་བཙུགས་པར་བཞག་ཅི་ཟེར་ འཐུས་མི་གིས་ཞུ་ཡི།

གཞུང་གིས་རྒྱབ་སྐྱོར་ཐོག་ལས་ རྒྱལ་ཁབ་མཐའ་དབུས་མེད་པར་ གློག་ཐག་རཝ་སྒོར་དོ་ཡོད་མི་དང་ གལ་སྲིད་ བཅའ་ཁྲིམས་ནང་ རང་སོའི་ས་གཞི་རཝ་རྐྱབ་དགོཔ་སྦེ་ མ་ཚུད་པ་ཅིན་ མི་སེར་ཚུ་གིས་ དག་མེད་བཞག་ནི་ཨིནམ་ལས་ དོན་ཚན་ནང་ བཙུགས་ཅི་ཟེར་ཨིན་པས།

འཐུས་མི་བསྟན་པ་རྡོ་རྗེ་གིས་ ཞུ་མིའི་ནང་ རི་དྭགས་སེམས་ཅན་ཟེར་ ག་ར་ཚུད་པ་ཅིན་ ཤར་ཕྱོགས་རྫོང་ཁག་ནང་ ཨར་མི་ཝམ་ཟེར་མི་ འབུབ་ཀྱིས་ ལོ་ཐོག་གནོད་སྐྱོན་རྐྱབ་མི་དང་ མ་འོངས་པར་ འབུབ་དེ་ལུ་བརྟེན་ ལུང་ཕྱོགས་ར་ སྟོངམ་འཐོན་པ་ཅིན་ གཞུང་གིས་ རྒུད་འཐུས་སྤྲོད་ཚུགས་ག་དང་མི་ཚུགས་ སྤུ་ན་ཁ་ལུ་ འབུབ་དེ་གིས་ སྟོང་ཕུ་ཤིང་གི་འདབ་མ་ག་ར་ ཟ་ཚར་ཡོདཔ་ལས་ དེ་ལུ་ རྒུད་འཐུས་སྤྲོད་དགོ་པ་ཅིན་ གཞུང་གིས་ མ་དངུལ་སྤྲོད་ཚུགས་དང་ མི་ཚུགས་ཡང་ ལྟ་དགོཔ་འདུག་ཟེར་ཨིན་པས།

ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཨྱོན་ཚེ་རིང་གིས་ རི་དྭགས་སེམས་ཅན་གྱི་ ཧམ་འཛུལ་ལུ་བརྟེན་པའི་ ཉེས་འཁྲི་བཀལ་དགོ་པ་ཅིན་ ཆུ་རུད་དང་ ས་རུད་ཆད་མི་དང་ ས་ཡོམ་རྐྱབ་མི་ལུ་བརྟེན་ མི་ལུ་ཤི་རྐྱེན་དང་ དཀའ་ངལ་ སྡུག་བསྔལ་ཕོག་པ་ཅིན་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཚུད་དགོ་པས་ཟེར་ ཞུ་ཡི།

ད་ལྟོའི་བཅའ་ཁྲིམས་དེ་ ཞི་བའི་ཉེས་འཁྲི་འཛོལ་བའི་བཅའ་ཁྲིམས་ཨིནམ་ལས་ རི་དྭགས་སེམས་ཅན་ལུ་ བདག་འཛིན་འབད་མི་མེདཔ་ལས་ འགན་འཁྲི་བཀལ་མི་ཚུགས་ནི་ཨིན་རུང་ སྒོ་ནོར་སེམས་ཅན་ལུ་ འབད་བ་ཅིན་ བདག་འཛིན་འབད་མི་ཡོདཔ་ལས་ འགན་འཁྲི་བཀལཝ་ཨིན་ཟེར་ ཞུ་ཡི།

རྒྱལ་སྤྱི་ནང་འབད་བ་ཅིན་ བདག་པོ་ཡོད་པའི་ རི་དྭགས་སེམས་ཅན་གྱི་རིགས་ དོམ་ སྟག་ གཟིག་ཚུ་ དཀོན་དྲགས་ཅན་གྱི་ རིགས་ཅིག་ཨིནམ་ལས་ དེ་ལུ་ ཁྲིམས་ཡོད་པའི་ཁར་ བདག་པོ་མེད་མི་ རི་དྭགས་སེམས་ཅན་ག་ར་ ཁྱབ་མི་ཚུགས་ནི་དེ་གིས་ ཁྲིམས་མིན་འདུག་ཟེར་ཨིན་པས།

ཁྱད་ལྡན་གྱི་འཐུས་མི་ ཨྱོན་ཚེ་རིང་གིས་ གླིང་ཀ་ནང་ཡོད་པའི་ སེམས་ཅན་དང་ རི་དྭགས་སེམས་ཅན་ ག་གིས་ ལོ་ཐོག་ལུ་ གནོདཔ་བཀལ་ཡོདཔ་ཨིན་ན་ ཤེས་རྟོགས་མེད་ནི་དེ་གིས་ གླིང་ཀ་སྡེ་ཚན་ལུ་ འགན་འཁྲི་བཀལ་མ་ཚུགས་པའི་ཁར་ ལྷོ་མཚམས་ཚུ་ནང་ གླངམོ་ཆེ་གིས་ གནོདཔ་བཀལ་མི་དེ་ རྒྱ་འབྲུག་ག་གི་ གླངམོ་ཆེ་ཨིན་ན་ ངོས་འཛིན་འབད་མ་ཚུགསཔ་ལས་ དོན་ཚན་ནང་མ་བཙུགས་ཟེར་ ཞུ་ཡི།

ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ དཱན་ཀུ་མར་སུན་ཝར་གྱིས་ ཞུ་མིའི་ནང་ མ་གཞི་ སྒོ་ནོར་སེམས་ཅན་གྱི་ཧམ་འཛུལ་འབད་མི་ལུ་ འགན་འཁྲི་བཀལ་དོ་བཟུམ་སྦེ་ རི་དྭགས་སེམས་ཅན་ལུ་ཡང་ ཉེས་འཁྲི་བཀལ་དགོཔ་ཨིན་རུང་ ཤུལ་ལས་ ཞུན་དག་འབད་བའི་སྐབས་ དོན་ཚན་ཚུ་བཏོན་བཏང་ཡི་ཟེར་ཨིན་པས།

ནགས་ཚལ་དང་ རང་བཞིན་སྲུང་སྐྱོབ་བཅའ་ཁྲིམས་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ འཕྲི་སྣོན་གྱི་དོན་ལུ་ གསུང་གྲོས་གནང་དོ་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེ་ནང་ལྷོདཔ་ད་ གསུང་གྲོས་གནང་ནིའི་གོ་སྐབས་འདུག་ཟེར་ ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ གསུངས་མིའི་ནང་ སྒོ་ནོར་སེམས་ཅན་གྱི་ ཧམ་འཛུལ་ལུ་བརྟེན་པའི་ ཉེས་འཁྲི་དང་ ཚུལ་མིན་ཉེན་ཅན་གྱི་ སེམས་ཅན་གྱི་ཇོ་བདག་ ཡང་ཅིན་ བདག་དབང་ལུ་ ཉེས་འཁྲི་ ཚུལ་མིན་ཉེན་ཅན་གྱི་སེམས་ཅན་ སྐྱོབ་རོགས་ལུ་བརྟེན་པའི་ ཉེས་འཁྲི་དོན་ཚན་ཚུ་ བསྐྱར་ཞིབ་འབད་དེ་ ཚོགས་ཆུང་ནང་ ལོག་སྟེ་ར་ གསུང་གྲོས་གནང་ཞིནམ་ལས་ མཐའ་བཅད་གསུང་གྲོས་གནངམ་ད་ ཆ་འཇོག་འགྲུབ་ནི་ཨིན་ཟེར་ ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ཞུགས་རིམ་ནང་ ཉིནམ་༣ གྱི་རིང་ འབྲུག་གི་ཞི་བའི་ཉེས་འཁྲི་དཔྱད་ཡིག་༢༠༢༢ ཅན་མ་གུ་ གསུང་གྲོས་རྒྱས་པར་གནང་ཡོད་རུང་ དོན་ཚན་དག་པ་ཅིག་ ཚོགས་ཆུང་ནང་འཁོད་ གསུང་གྲོས་གནང་དགོཔ་ཡོད་ནི་དེ་གིས་ མཐའ་བཅད་ཀྱི་གསུང་གྲོས་གནངམ་ད་ དཔྱད་ཡིག་དེ་ ཆ་འཇོག་འགྲུབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *