ཁ་ཙ་ བྱ་རྒོད་ཕུང་པོའི་རི་ལུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ རི་བོ་བསང་མཆོད་དང་ ལྷ་དབང་ཕྱུག་ལུ་ གསོལ་ཁ་གནང་པའི་བསྒང་། པར་- བླ་མ་ཡེ་ཤེས་ནོར་བུའི་ གདོང་དེབ་ལས།

རཱཇ་གིར་ལུ་ སྨོན་ལམ་ཆེན་མོ་ འགོ་དང་པ་ གནང་མི་དེ་ ལེགས་ཤོམ་སྦེ་ མཇུག་བསྡུ་ཡོདཔ།

ད་རིས་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་གི་རྩ་བར་ མགོན་པོའི་སྟོང་ཚོགས་གནང་ནི།

༉ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ དབུ་བཞུགས་ཐོག་ལུ་ ཡོངས་གྲགས་ལུ་ རཱཇ་གིར་ཟེར་སླབ་མི་ རྒྱ་གར་རྒྱལ་པོའི་ཁབ་ལུ་ བདུན་ཕྲག་༡ གི་རིང་ སྨོན་ལམ་ཆེན་མོ་འགོ་དང་པ་གནང་མི་དེ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡི་ཟེར་ གྲྭ་ཚང་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་དང་ ཕྱག་ཞུ་སྟེ་ རྒྱལ་སྲས་སྤྲུལ་སྐུ་དང་ གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་ ཚོགས་ཀྱི་སློབ་དཔོན་ དེ་ལས་ གྲྭ་ཚང་གི་ བླ་སློབ་གཞན་ཚུ་ བྱོན་ཡོདཔ་ཨིན་པས།
སྨོན་ལམ་ཆེན་མོའི་སྐབས་ བླ་སྤྲུལ་དང་ དགེ་འདུནམ་ དེ་ལས་ དད་ཅན་ཚུ་ལུ་ རྐྱེན་བར་ཆད་ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ མཇུག་བསྡུ་ཡི་ཟེར་ གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་ ཁ་ཙ་ རཱཇ་གིར་ལས་ བརྒྱུད་འཕྲིན་ཐོག་ལུ་ བཤདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༢ ལས་འགོ་བཙུགས་ཏེ་ སྤྱི་ཚེས་༡༨ ལུ་ གྲོལ་གནང་མི་ སྨོན་ལམ་ཆེན་མོ་དེ་ནང་ འབྲུག་ལས་ དགེ་སློང་ཞལ་གྲངས་༡,༨༠༠ ལྷགཔ་ཅིག་དང་ རྒྱ་གར་དར་ཇེ་གླིང་དང་ ལ་དྭགས་ དེ་ལས་ ནེ་པཱལ་ལས་ དགེ་སློང་༧༠༠ དང་ འབྲུག་དང་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ལས་ དད་ཅན་༡༠,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཅི་ཟེར་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
སྨོན་ལས་ཆེན་མོའི་སྐབས་ དད་མོས་ཅན་ཚུ་གིས་ རཱཇ་གིར་ལུ་ ཤིང་རྟ་འཁོར་ལོ་གཏང་མི་ཚུ་ལུ་ ཞུ་བ་འབད་དེ་ རྟ་དེ་ཚུ་ ཉིན་གྲངས་༢ ཀྱི་རིང་ ལཱ་འབད་མ་བཅུག་པར་ ངལ་འཚོ་སྦེ་ བཞག་ཡོདཔ་བཞིན་དུ་ ཤིང་རྟ་འཁོར་ལོ་ལག་ལེན་མེད་པར་བཞག་པའི་ གླ་འཐུས་ཡང་ རྟའི་ཇོ་བདག་ཚུ་ལུ་ སྤྲོད་ཡོདཔ་མ་ཚད་ དད་ཅན་ལ་ལོ་གིས་ རྟ་ཚུ་ལུ་ ཆག་ཉོ་སྟེ་ བྱིན་ཡོདཔ་ཨིན་པས།
སྨོན་ལམ་ཆེན་མོ་གནང་སར་ བདེ་སྲུངཔ་༡༢༠ གིས་ ཉེན་སྲུང་དང་འབྲེལ་བའི་ ལྟ་རྟོག་དང་ གསོལ་ཇ་དང་ གསོལ་ཚོགས་ཚུ་ དྲང་ནི་ལུ་ཡང་ ལྷན་ཐབས་འབད་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་འགྲུལ་སྐྱོད་སྨན་བཅོས་སྡེ་ཚན་གྱིས་ཡང་ དད་ཅན་དང་ གནས་སྐོརཔ་ཚུ་གི་དོན་ལུ་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་ཡོདཔ་ཨིན་པས།
སྨོན་ལམ་ཆེན་མོ་ དབུ་འཛུགས་མ་གནང་པའི་ཧེ་མར་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་བསྟུན་ སྐྱབས་རྗེ་མཆོག་གིས་ རྒྱལ་པོའི་ཁབ་ལུ་ འབྲུག་པའི་ལྷ་ཁང་གསར་བཞེངས་ཀྱི་ ས་བསླང་རྟེན་འབྲེལ་ མཛད་གནང་པའི་ཤུལ་ལུ་ བི་ཧར་མངའ་སྡེའི་ གཙོ་འཛིན་བློན་པོ་ ནི་ཏིཤ་ཀུ་མར་གྱིས་ རྨང་གཞི་བཙུགས་གནང་ནུག།
སྐྱབས་རྗེ་མཆོག་གིས་ རཱཇ་གིར་ལུ་ འབྲུག་པའི་ལྷ་ཁང་གི་ མིང་དེ་ཡང་ འབྲུག་མགོན་འོག་མིན་གཉིས་པ་ཟེར་ བཏགས་གནང་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་གར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ མི་ལོ་༥༠ འཁོར་བའི་ དུས་དྲན་བརྩི་སྲུང་དང་འབྲེལ་ རཱཇ་གིར་ལུ་ ལྷ་ཁང་གསར་བཞེངས་ལས་འགུལ་དེ་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ འགོ་འདྲེན་འཐབ་ཨིན་པས།
རྒྱ་གཞུང་གིས་ འབྲུག་གཞུང་ལུ་ སྤྱི་ལོ་༢༠༡༠ ལུ་ རཱཇ་གིར་ལས་ ས་ཆ་ཨེ་ཀར་༢.༨ གནང་ཡོད་སར་ ལྷ་ཁང་དང་ འབྲུག་མི་གནས་སྐོར་འགྱོ་མི་དང་ ཚ་ཆུ་སྦང་མི་ཚུ་གི་དོན་ལུ་ མགྲོན་ཁྱིམ་རྐྱབ་ནི་ཨིན་པས།
གྲྭ་ཚང་གི་ དྲུང་ཆེན་གྱིས་འབད་བ་ཅིན་ ས་བསླང་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ བི་ཧར་མངའ་སྡེའི་ གཙོ་འཛིན་བློན་པོ་གིས་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ བི་ཧར་གཞུང་གི་ཁ་ཐུག་ལས་ ལྷ་ཁང་གསར་བཞེངས་ལས་འགུལ་ལུ་ རྒྱབ་སྐྱོར་གང་དྲག་ཕུལ་ནི་ཨིན་པའི་སྐོར་ ཞུ་ཡོད་ཟེར་ཨིན་པས།
ཁ་ཙ་ གནས་མཆོག་རྡོ་རྗེ་གདན་ལུ་ མ་བྱོན་པའི་ཧེ་མར་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ བྱ་རྒོད་ཕུང་པོའི་རི་ལུ་ རི་བོ་བསང་མཆོད་གནང་ཡོདཔ་མ་ཚད་ ལྷ་དབང་ཕྱུག་ལུ་ གསོལ་ཁ་ཕུལ་ཡོདཔ་ད་ བྱ་རྒོད་ཕུང་པོའི་རི་དེ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་གནང་སའི་ ས་གོ་གཙོ་ཅན་ཅིག་ཨིན་མི་དེ་ཡང་ བཀའ་དང་པ་ བདེན་བཞིའི་ཆོས་འཁོར་ཝ་ར་ནཱ་སི་ལུ་བསྐོར་བའི་ཁར་ བཀའ་བར་པ་ཚན་ཉིད་མེད་པའམ་ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དེ་ བྱ་རྒོད་ཕུང་པོའི་རི་ལུ་ གསུངས་ཡོད་མི་ལུ་བརྟེན་ཨིན་པས།
ད་རིས་ སྐྱབས་རྗེ་མཆོག་གིས་ རྡོ་རྗེ་གདན་མཆོད་རྟེན་གྱི་ སྦོ་ལོགས་ཁར་ཡོད་མི་ བྱང་ཆུབ་ཤིང་གི་རྩ་བར་ མགོན་པོའི་སྟོང་ཚོགས་གནང་ནི་ཨིནམ་ད་ བྱང་ཆུབ་ཤིང་དེ་ ནང་པ་ཚུ་གིས་ རྩ་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབད་མི་དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་ཤིང་ལུ་ སྐུ་རྒྱབ་རྟེན་ཏེ་ མངོན་པར་རྫོགས་པར་ སངས་རྒྱས་ནི་དེ་གིས་ཨིན་པས།
སྐྱབས་རྗེ་མཆོག་གིས་ ནངས་པར་ རྡོ་རྗེ་གདན་ལུ་ཡོད་མི་ འབྲུག་པའི་ལྷ་ཁང་ལུ་ རབ་གནས་གནང་ནི་ཨིནམ་ད་ སྐྱབས་རྗེ་མཆོག་དང་ ཕྱག་ཞུ་མི་ཚུ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ རྒྱལ་ཁབ་ནང་ ལོག་འབྱོན་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *