རང་སྲོག་རང་གཅད་བཀག་ནིའི་ ཐབས་ལམ་གཞན་ག་ཅི་ཡོདཔ་ཨིན་ན?

༉ འབྲུག་ལུ་ རང་སྲོག་གཅད་ནི་ བཀག་ཐབས་ལུ་ ལག་ལེན་འཆར་གཞི་ལག་ལེན་འཐབ་སྟེ་ ལོ་གསུམ་ལང་ཡོད་རུང་ ལྕེབས་ཤིའི་གྱངས་ཁ་ མར་འབབ་འགྱོ་ནི་མེད་མི་ལུ་ བལྟ་བ་ཅིན་ འོས་ལྡན་གྱི་ ཐབས་བྱུས་བཏོན་མ་ཚུགས་མི་ལུ་བརྟེན་ འོང་ནི་ཨིན་མས།
དེ་ཡང་ གསོ་བ་དང་ རྒྱལ་ཡོངས་རང་སྲོག་རང་གཅད་ བཀག་ཐབས་ལས་རིམ་གྱི་ ལས་རིམ་འགོ་དཔོན་ཚུ་གིས་ འདས་པའི་ལོ་༣ གྱི་ནང་ ལག་ལེན་འཆར་གཞི་ མཐར་འཁྱོལ་ཅན་སྦེ་ ལག་ལེན་འཐབ་ཡོད་རུང་ རང་སྲོག་བཅད་མིའི་ གྱངས་ཁ་ལུ་ འགྱུར་ལྡོག་མེད་མི་དེ་གིས་ ཐབས་བྱུས་ནང་ ནོར་སྐྱོན་ཡོད་པའི་ བརྡ་མཚོན་སྟོནམ་མས།
འགོ་དཔོན་ཚུ་གིས་ རང་སྲོག་བཅད་མིའི་གྱངས་ཁ་ མར་འབབ་མེན་པར་ ཡར་སེང་འགྱོ་མི་དེ་ཡང་ ལག་ལེན་འཆར་གཞི་ ཚུལ་ལྡན་སྦེ་ ལག་ལེན་འཐབ་སྟེ་ ལྕེབས་ཤི་མི་ ཕུད་རྡོག་གཅིག་ར་ སྙན་ཞུ་མ་འབད་བར་ མ་ལུས་ནི་དེ་གིས་ཨིནམ་སྦེ་ ཁུངས་བསྐྱལཝ་ཨིན་མས།
ཧེ་མ་འབད་བ་ཅིན་ རག་སྲོག་བཅད་མི་ཐོན་རུང་ མང་ཤོས་ར་ སྙན་ཞུ་མ་འབད་བར་ ལུས་ནི་དེ་གིས་ གནས་ཐོ་ནང་ མ་ཚུད་མི་ལུ་བརྟེན་ གྱངས་ཁ་ཉུང་མཐའ་སྦེ་ར་ གནས་ཡོད་རུང་ ལག་ལེན་འཆར་གཞི་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ རང་སྲོག་བཅད་མིའི་སྐོར་ སྙན་ཞུ་འབད་ནི་དེ་གིས་ གྱངས་ཁ་ཡར་སེང་སོང་ནུག་ཟེར་ཨིན་མས།
རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གྱངས་ཁ་ སྤྱི་ལོ་༢༠༡༦ ལུ་༩༢ ཐོན་ཡོད་རུང་ ན་ཧིང་ལོ་ནང་ རང་སྲོག་བཅད་མི་༡༠༦ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ མགར་ས་དང་ ལྷུན་རྩེ་རྫོང་ཁག་མ་གཏོགས་ རྫོང་ཁག་གཞན་༡༨ ནང་ རང་སྲོག་བཅད་དེ་ ཤི་ཡོད་པའི་ སྙན་ཞུ་འབད་ནུག།
ན་ཧིང་ ཆུ་ཁ་རྫོང་ཁག་ནང་ རང་སྲོག་བཅད་མི་༡༥ ཐོན་ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ ཐིམ་ཕུག་དང་ བསམ་རྩེ་རྫོང་ཁག་ནང་༡༢ རེ་ ཐོན་ཡོདཔ་ད་ མོང་སྒར་རྫོང་ཁག་ནང་ ལྕེབས་ཤི་གནད་དོན་༡༠ དང་ བསམ་གྲུབ་ལྗོངས་མཁར་ལུ་༩ ཐོན་ནུག།
སྙན་ཞུ་དང་འཁྲིལ་བ་ཅིན་ རང་སྲོག་བཅད་མི་ མང་ཤོས་ར་ སེམས་ཁམས་ཀྱི་ ནད་གཞི་ལུ་བརྟེན་ཨིན་རུང་ ལ་ལོ་ཅིག་ ནང་འཁོད་རྩུབ་སྤྱོད་དང་ ཕོ་མོའི་བར་ན་ འཐབ་འཛིང་བྱུང་མི་ལུ་བརྟེན་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ད་ ན་ཧིང་ མི་༡༥ གིས་ སེམས་ཁམས་ཀྱི་ ནད་གཞི་ལུ་བརྟེན་ རང་སྲོག་བཅད་ནུག།
འདི་བཟུམ་མའི་ གནས་སྟངས་ནང་ རང་སྲོག་རང་གཅད་ བཀག་ནི་གི་ ཐབས་ལམ་ཡོདཔ་ཨིན་ན? སེམས་ཁམས་ནད་གཞི་ཐོབ་མི་ཚུ་ལུ་ བསླབ་བྱ་བྱིན་ནི་དང་ སེམས་ལྷུ་སྟེ་ བཞག་པ་ཅིན་ བཅོ་ཐབས་འབད་ཚུགས་པའི་ འོས་འབབ་ཡོད་རུང་ བསླབ་སྟོན་འབད་མི་དང་ རྒྱབ་སྐྱོར་པ་ཚུ་དང་འཁྲིལ་འགྱོ་འོང་།
ལོ་༣ གྱི་ ལག་ལེན་འཆར་གཞི་ མཇུག་བསྡུ་ནི་ལུ་ ཟླཝ་༡ ལས་བརྒལ་མེདཔ་ལས་ རྒྱལ་ཡོངས་རང་སྲོག་རང་གཅད་བཀག་ཐབས་ལས་རིམ་གྱིས་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་བཞིན་དུ་ བསྐྱར་ཞིབ་འབད་ཚརཝ་ད་རྐྱངམ་གཅིག་ ལྕེབས་ཤིའི་གྲུབ་འབྲས་སྐོར་ ཤེས་རྟོགས་འབྱུང་ནི་ཨིན་མས།
མ་གཞི་ འབྲེལ་ཡོད་ལས་སྡེ་གིས་ ལག་ལེན་འཆར་གཞི་གསརཔ་ཅིག་ ཟིན་འགོད་འབདཝ་ད་ རང་སྲོག་བཅད་མིའི་ གྱངས་ཁ་ཡར་སེང་སོང་མི་དེ་ ཧེ་མའི་ ལག་ལེན་འཆར་གཞི་ ལཱ་འབད་མ་བཏུབ་མི་ལུ་བརྟེན་ཨིན་ན་ བལྟ་ནི་ཨིན་རུང་ དེ་གི་ཧེ་མར་ འབྲེལ་ཡོད་ལས་སྡེ་ཚུ་གི་ ལག་ལེན་འཆར་གཞི་ ལག་ལེན་འཐབ་ནི་ལུ་ གདོང་ལེན་ག་ཅི་ར་ བྱུང་ཡོདཔ་ཨིན་ན་ དེ་ཚུ་ག་ར་ བསྐྱར་ཞིབ་འབད་ཞིནམ་ལས་ ཤུལ་མའི་ ལག་ལེན་འཆར་གཞི་དེ་ ལོ་༣ མེན་པར་ ལོ་༥ གི་དོན་ལུ་ བརྩམ་དགོ་པའི་ གྲོས་འདེབས་བཙུགས་ནི་ཨིན་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
འདི་དང་གཅིག་ཁར་ ད་ཚུན་གྱི་བར་ན་ ལག་ལེན་འཐབ་མི་ ལོ་༣ གྱི་འཆར་གཞི་དེ་གིས་ ལྕེབས་ཤིའི་གྱངས་ཁ་ མར་ཕབ་འབད་ནི་ལུ་ ཕན་ཁྱད་བྱུང་མ་ཚུགས་མིའི་ རྒྱུ་རྐྱེན་ག་ཅི་ཨིན་ན་ བལྟ་དགོཔ་མ་ཚད་ ད་ལས་ཕར་ རང་སྲོག་རང་གཅད་ སྔོན་འགོག་འབད་ཐབས་ལུ་ ལོ་ལྔའི་འཆར་གཞི་ནང་ ལས་སྡེ་གང་མང་འབྲེལ་འཛིན་ཐོག་ གོ་བརྡ་དང་ བསླབ་སྟོན་ལ་སོགས་པའི་ ལས་སྣ་ཚུ་ འགོ་འདྲེན་འཐབ་དགོ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *