༉ འབྲུག་འདི་ དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་ཁབ་ལུ་ སོར་བསྒྱུར་འབད་དེ་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ སོང་བའི་རིང་ལུ་ གོང་འཕེལ་གྱི་འགྱུར་བ་ ལེ་ཤ་བྱུང་ཡོདཔ་མ་ཚད་ དེ་དང་བསྟུན་པའི་ བཟང་སྤྱོད་ཡར་དྲག་དང་ འོས་མིན་གྱི་ བྱ་སྤྱོད་ཚུ་ཡང་ ཁྱབ་ཆེར་འགྱོ་བའི་ མངོན་གསལ་བྱུང་ཡི།
དེ་གི་ནང་དོན་ཉིད་ལས་ ང་བཅས་རའི་ རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིནམ་མ་ཚད་ མི་རློབས་ཡང་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་ལས་ མི་སྡེའི་ནང་འཁོད་ལུ་ གཅིག་གིས་གཅིག་ལུ་ ཉེ་ཚན་ཕོགཔ་མ་ཚད་ རྒྱུ་སྟོབས་ཡོད་མི་ཚུ་གིས་ ཤུགས་བཙོང་ནི་དང་ བརྙས་བཅོས་འབད་བའི་ གདོང་ལེན་ཚུ་ཡང་ བྱུངམ་ཨིན་མས།
དམངས་གཙོའི་གཞུང་ལུགས་ལུ་ སོར་བསྒྱུར་འབད་མི་དེ་གིས་ ང་བཅས་ཀྱི་ ཐོབ་དབང་དང་ འགན་ཁུར་ཚུ་གི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ གྲོས་ཆོད་ག་ཅི་ར་བཏོན་རུང་ མི་མང་ལུ་ དྭངས་གསལ་ཡོདཔ་སྦེ་ བཟོ་ནི་ལུ་ ལྷན་ཐབས་བྱུང་ཡོད་རུང་ རེ་ཚེ་སྐབས་ རང་སོའི་ཀུན་སྤྱོད་རྣམ་གཞག་ལས་འགལ་ཏེ་ འབད་གཞག་བཅའ་གཞག་ རྔམ་སི་སི་སྦེ་སྟོནམ་ད་ རྒྱལ་ཁབ་ཀྱི་ ཆིག་སྒྲིལ་དང་ གཅིག་མཐུན་ དགའ་སྐྱིད་ ཞི་བདེ་ ཉེན་སྲུང་ལུ་ ཐོ་ཕོག་ཉེན་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤུན་ཆ་༢ ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་༢ ལུ་ བརྙས་བཅོས་འབད་དེ་ འཇིགས་སྐྲག་སྟོན་པའི་ཁར་ ཚིལ་མ་གཏོར་བྱིན་མི་དེ་ མིའི་སྤྱོད་པ་ལས་འདས་པའི་ བྱ་སྤྱོད་ངན་པ་ཅིག་ཨིན་མས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ལས་འགུལ་གྱི་ མ་དངུལ་ཁ་བསྒྱུར་དང་ ལྟ་བཤལ་ཚོང་འབྲེལ་ནང་ གཡོ་སྒྱུ་ལག་ལེན་ དེ་ལས་ ཁྲལ་འབབ་ལས་ ཟུར་ཐབས་འབད་བའི་ དོགས་པ་ལུ་བརྟེན་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་ཀྱི་དོན་ལུ་ ཨམ་སྲུ་ཅིག་ ཁྲིམས་སྲུང་འགག་སྡེའི་ དོ་དམ་འོག་ལུ་ བཞག་ཡོད་རུང་ དྲི་ཞིབ་ཀྱི་དོན་ལུ་ ལྷན་ཚོགས་ཀྱི་ ཡིག་ཚང་ནང་ ཁྱིད་ནི་དང་ ལོག་དོ་དམ་ཁང་ནང་ ཁྱིད་འོངམ་ད་ ཁྲིམས་སྲུང་འགག་པ་མེན་པར་ ཁོང་ར་ ཞིབ་དཔྱོདཔ་ཚུ་གིས་སྦེ་ བསྐྱལ་མི་དེ་ཡང་ ཁ་ཉེས་ཕོག་མི་ ཨམ་སྲུ་དེ་ལུ་ གུས་ཞབས་ཡོད་ནི་དེ་གིས་ཨིན་མས།
དོགས་པ་ཅན་གཞན་འབད་བ་ཅིན་ དྲི་ཞིབ་སྐབས་ ཁྲིམས་སྲུང་འགག་པ་གིས་སྦེ་ ཕར་ཚུར་ཁྱིད་བསྐྱལ་ནི་ཡོད་པའི་ཁར་ འགག་སྡེའི་སྣུམ་འཁོར་ནང་ འགྱོ་དགོཔ་ཨིན་རུང་ འཕྲལ་ཁམས་ལུ་ སྟབས་ངན་མ་བྱུང་པའི་ཧེ་མར་ དོགས་ཅན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ གཞུང་འཁོར་ནང་སྦེ་ འགོ་དཔོན་ཚུ་གིས་ ཕར་ཚུར་བསྐྱལ་བའི་ ལོ་རྒྱུས་འདུག།
འདི་འབདཝ་ད་ ཁ་ཉེས་ཕོག་མིའི་ སྤུན་ཆ་༢ ཀྱིས་ ཞིབ་དཔྱད་འགོ་དཔོན་ཨམ་སྲུ་༢ ལུ་ འཇིགས་སྐྲག་སྟོན་པའི་ཤུལ་ལས་ ཁོང་ར་གིས་ ཕར་ཚུར་བསྐྱལ་ནི་ བཞག་ཡོད་མི་ལུ་བརྟེན་ ཆརཔ་ཕར་ཁ་རྐྱབ་ད། །ཟིལཔ་ཚུར་ལྟ་ཕོག །མཛུབ་མོ་གཅིག་ཕ་ཁར་སྟོནམ་ད། །གསུམ་ཚུར་ལྟ་ལོག །ཟེར་ དཔེ་གཏམ་སླབ་སྲོལ་ཡོདཔ་བཟུམ་སྦེ་ འདི་བཟུམ་མའི་ བྱ་སྤྱོད་རྩུབ་དྲགས་གསལ་སྟོན་འབདཝ་ད་ ཕམ་ཤོས་ར་ ཁ་ཉེས་ཕོག་མི་དེ་ཨིན་མས།
དེ་གིས་མ་དོ་བར་ ལྷན་ཚོགས་ཀྱིས་ ཁོང་གི་འགོ་དཔོན་ཚུ་ལུ་ གདོང་ལེན་འབད་མི་ སྤུན་ཆ་༢ ལུ་ གནོད་བཀལ་གྱི་ དཔའ་བཅམ་མི་དང་ འཇིགས་སྐྲག་སྟོན་པའི་ ཉེས་འཛུགས་ཐོག་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་དགོཔ་སྦེ་ ཁྲིམས་སྲུང་འགག་སྡེ་ལུ་ ཞུ་ཡིག་བཙུགས་ཡོདཔ་ལས་ འགག་སྡེའི་ཁ་ཐུག་ལས་ཡང་ ཐོ་བཀོད་འབད་དེ་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་འདུག།
ལྷན་ཚོགས་ལུ་ ཧེ་མ་ཡང་ འདི་བཟུམ་མའི་ བྱུང་རྐྱེན་ཚུ་བྱུང་སྟེ་ ལ་ལོ་གིས་ འཐབ་འཛིང་འབད་ནི་གི་ འཇིགས་སྐྲག་ཡང་སྟོན་པའི་ ལོ་རྒྱུས་འདུག།
མ་གཞི་ འདི་བཟུམ་མའི་ གནས་སྟངས་ནང་ལྷོདཔ་ད་ མི་ག་ར་ཨིན་རུང་ དབུགས་འགམ་ནི་དང་ ཁོང་ཁྲོ་ལང་འབད་བའི་བསྒང་ལས་ བྱ་སྤྱོད་རྩུབ་དྲགས་དང་ གདོང་ལེན་འབད་སྲིད་ནི་ཨིན་རུང་ མི་མང་གཙུག་སྡེ་ དཔེར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ ཁྲིམས་སྲུང་འགག་སྡེ་ཚུ་གིས་ ཞིབ་དཔྱད་འབད་མི་དེ་ ཁོང་གི་འགན་ཁུར་ཨིནམ་ལས་ ང་བཅས་ཀྱིས་ བརྩི་མཐོང་བསྐྱེད་དགོ། གལ་སྲིད་ སྤྱི་གཡོགཔ་ཚུ་ལུ་ བརྙས་བཅོས་དང་ འཇིགས་སྐྲག་སྟོན་པ་ཅིན་ དམངས་གཙོའི་རིང་ལུགས་ཀྱི་གཞི་རྩ་ ཁྲིམས་ཀྱི་རིང་ལུགས་ལུ་ བརྩི་མཐོང་མེདཔ་ འགྱོ་ཉེན་ཡོད།
འདི་འབདཝ་ལས་ ལྷན་ཚོགས་ཀྱིས་ འཇིགས་སྐྲག་སྟོན་མི་དང་ བརྙས་བཅོས་འབད་བའི་སྐོར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ནི་རྐྱངམ་གཅིག་མེན་པར་ ཞིབ་དཔྱོདཔ་ཚུ་གི་ ཉེན་སྲུང་ལམ་ལུགས་དམ་སྒྲིང་བཟོ་ནི་དེ་ཡང་གལ་ཆེ།