རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག།

གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ ལས་འགོ་བཙུགས་ ཕྱི་རུ་ཆུ་ཚོད་༥ ཚུན་གནང་དོ་ཡོདཔ་ད་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པའི་ བླ་སློབ་དགེ་འདུན་རྒྱ་མཚོ་དང་ དད་ཅན་གྱི་སྦྱིན་བདག་ཚུ་གིས་ ལྗགས་ལུང་གནང་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།

ལྗགས་ལུང་གནང་སར་ ས་གནས་ཁག་སོ་སོ་ལས་ སྤྲུལ་སྐུ་དང་ བླམ་ དགེ་སློང་ ཨ་ཎེམ་ སྒོམ་ཆེན་ དེ་ལས་ དད་ཅན་གྱི་མི་སེར་ཚུ་འཛོམས་ཡོདཔ་མ་ཚད་ ལྗགས་ལུང་དང་ དབང་ཞུ་བར་ ཕྱི་རྒྱལ་ཁབ་ལས་ཡང་ འོང་སྟེ་འདུག།

རང་འབྱུང་འོད་གསལ་ཆོས་གླིང་དགོན་པའི་མཁན་པོ་ ཨྱོན་དཔལ་ལྡན་གྱིས་ སླབ་མིའི་ནང་ རིན་པོ་ཆེ་མཆོག་གིས་ ཉིན་གྲངས་༢༥ གི་རིང་ལུ་ དབང་དང་ ལྗགས་ལུང་ ཡོངས་རྫོགས་གནང་ནིའི་ ལས་རིམ་ཡོད་ཟེར་ཨིནམ་ད་ དབང་ཞུ་བར་འོང་མི་ཚུ་ལུ་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡོད་ཟེར་ཨིན་པས།

གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག་གིས་ པོ་ཏི་༢༥ འབད་མི་ བདུད་འཇོམས་སྐུ་ཕྲེང་༢ པ་ འཇིགས་བྲེལ་ཡེ་ཤེས་རྡོ་རྗེ་མཆོག་གི་ གསུང་འབུམ་གྱི་ ལྗགས་ལུང་གནང་ཡོད་རུང་ བདུད་འཇོམས་གླིང་པའི་གསུང་འབུམ་ལྗགས་ལུང་དང་ དབང་གནང་ནི་དེ་ རྒྱལ་ཁབ་ནང་འགོ་དང་པ་ཨིན་པས།

གདུང་སྲས་མཆོག་གིས་ དགུང་ལོ་༡༧ བཞེས་པའི་སྐབས་ བདུད་འཇོམས་གླིང་པའི་དབང་དང་ ལྗགས་ལུང་ཆ་ཚང་ བདུད་འཇོམས་རིན་པོ་ཆེ་སྐུ་ཕྲེང་༢ པ་ འཇིགས་བྲེལ་ཡེ་ཤེས་རྡོ་རྗེ་མཆོག་ལས་ ཞུ་ནུག།

ཉིནམ་དང་པ་ ལྗགས་ལུང་གནང་པའི་སྐབས་ རིན་པོ་ཆེ་མཆོག་གིས་ དབང་ལུང་ཁྲིད་གསུམ་ ག་ཅི་ཞུ་རུང་ དབང་ལུང་གནང་མིའི་བརྒྱུད་པ་ ལེགས་ཤོམ་དགོ་པའི་སྐོར་ལས་ གསུང་ཡོདཔ་མ་ཚད་ ཁྲིད་འབད་བ་ཅིན་ སྐུ་ཡོན་ཡོད་མི་ཅིག་ལས་ཞུ་རུང་ མ་བཏུབ་མེད་ཟེར་གསུངས་ཡི།

ས་གནས་ཁག་སོ་སོ་ལས་ཕར་ བདུད་འཇོམས་གཏེར་གསར་གྱི་ ལྗགས་ལུང་དང་ དབང་མ་ཐོབ་པར་ཡོད་མི་ དཔེ་འབད་བ་ཅིན་ དགེ་སློང་དང་ སྒོམ་ཆེན་ཆུང་ཀུ་ལེ་ཤ་ཡོདཔ་ལས་ དེ་ཚུ་ལུ་དམིགས་ཏེ་ དབང་ལུང་གནང་དོ་ཟེར་ རིན་པོ་ཆེ་མཆོག་གིས་ གསུངས་པའི་ཁར་ དམིགས་བསལ་དུ་ གཏེར་གསར་གྱི་ དབང་ལུང་རྒྱུན་མ་ཆད་པར་ བཞག་ཐབས་ལུ་ གདུང་སྲས་འཕྲིན་ལས་ནོར་བུའི་ ཡང་སྲས་མཆོག་ལུ་ཕུལ་ནིའི་དོན་ལུ་ གནང་དོ་ཟེར་ཨིནམ་ད་ གཏེར་གསར་གྱི་དབང་ལུང་དེ་ རིན་པོ་ཆེ་ཁོ་ར་དང་ ཡང་ན་ བདུད་འཇོམས་ཀྱི་རིགས་བརྒྱུད་བཟུང་མི་ མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ གནང་དགོ་ཟེར་ཨིན་པས།

དབང་དང་ལུང་ཞུ་ནི་དེ་ གསང་སྔགས་ཐེག་པའི་ལུགས་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ དབང་ལུང་མེད་པ་ཅིན་ བླམ་ཡི་དམ་ག་ཅིག་འབད་རུང་ སྒྲུབ་མ་རུངམ་ཅིག་ཨིན་པས།  

མཁན་པོ་ ཨྱོན་དཔལ་ལྡན་གྱིས་ སླབ་མིའི་ནང་ གསུངས་འབུམ་དེ་ རྙིང་མ་དང་ བདུད་འཇོམས་ གཏེར་གསར་གྱི་ ཆོས་འབད་མི་ཚུ་ལུ་ ཁག་ཆེ་ཤོས་ཅིག་ཨིན་པའི་ཁར་ དབང་ལུང་གྱི་བརྒྱུད་པ་ རྒྱུན་མ་ཆད་པར་བཞག་ནིའི་དོན་ལུ་ རིན་པོ་ཆེ་མཆོག་ལུ་ གསོལཝ་བཏབ་ཅི་ཟེར་ཨིནམ་ད་ དེ་ལུ་བརྟེན་ མི་དབང་སྐུ་འཁོར་ སྐུ་ཚེ་ཞབས་པད་བརྟན་ཐབས་དང་ རྒྱལ་ཁབ་ནང་ ནང་པ་སངས་རྒྱས་པའི་ཆོས་ གོང་དུ་འཕེལ་ཐབས་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གསུང་འབུམ་དེ་ བོད་དང་ སྦས་གནས་པདྨ་བཀོད་ དེ་ལས་ བལ་ཡུལ་ཚུ་ནང་ ཡོངས་གྲགས་འདུག་ཟེར་ཨིནམ་ད་ ཤུལ་ལས་འབྲུག་རྒྱལ་ཁབ་ནང་ཡང་ དར་ཁྱབ་སོང་ནུག་ཟེར་ཨིནམ་བཞིན་དུ་ ད་རེས་ནངས་པ་འབད་བ་ཅིན་ འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་ དར་ཁྱབ་སོང་སྟེ་ཡོད་ཟེར་ཨིན་པས།

རང་འབྱུང་འོད་གསལ་ཆོས་གླིང་དགོན་པའི་ཁ་ཐུག་ལས་ དབང་ལུང་ཞུ་བ་འོང་མི་ཚུ་ལུ་ ཉིན་པའི་གསོལཝ་དང་ ཕྱི་རུ་གསོལ་ཇ་དྲང་དོ་ཡོདཔ་ད་ དབང་ལུང་ཞུ་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་འབྱུང་ཐབས་ལུ་ གློག་མེ་དང་ འཐུང་ཆུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་དེ་ བཀྲིས་སྒང་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༡༧ དེ་ཅིག་གི་ས་ཁར་ མཐོང་གསལ་ཆེ་བའི་ སྤོག་ཏོ་གུ་ རང་འབྱུང་ཁྲོམ་དང་ ར་ལྡི་ དེ་ལས་ སྦིས་གདུང་གི་གཡུས་ཚན་ཚུ་ མཐོང་སར་ཆགས་ཏེ་འདུག།

རྒྱབ་ཁུངས་མདོར་བསྡུ།

བདུད་འཇོམས་གླིང་པ་མཆོག་ སྤྱི་ལོ་༡༨༢༥ ལུ་ སྐུ་འཁྲུངས་ཡོདཔ་ད་ བོད་ལུ་ ཡོངས་གྲགས་ཅན་གྱི་ གཏེར་སྟོན་པ་ཅིག་ཨིནམ་མ་ཚད་ བོད་ཀྱི་ས་གནས་ གསེར་སྨད་རྔ་ལ་སྟག་རྩེ་རྡོ་རྗེ་བྲག་ལ་སོགས་པ་ཚུ་ནང་ལས་ གཏེར་བཞེས་ཏེ་ གསུང་འབུམ་༢༡ བསྡུ་བསྒྲིགས་གནང་ཡོདཔ་ཨིན་པས།

ཤོག་གྲངས་༢༠,༠༠༠ འབད་མི་གསུང་འབུམ་ནང་ གཏེར་གསར་བརྒྱུད་པ་ལ་སོགས་པའི་ཆོས་ཚུ་ཡོདཔ་ད་ གཏེར་གསར་གྱི་ ཆོས་ཡང་དག་པ་འབད་བ་ཅིན་ ཚེ་གཅིག་ལུས་གཅིག་ལུ་ སངས་རྒྱས་ཚུགས་པའི་ཡིད་ཆེས་ཡོདཔ་བཞིན་དུ་ གཏེར་གསར་གྱི་ཆོས་འབད་དེ་ འཇའ་ལུས་སྒྲུབ་བྱོན་ཡོད་པའི་ལོ་རྒྱུས་ཚུ་ཡང་ མང་རབས་ཅིག་ཡོདཔ་ཨིན་པས།

བདུད་འཇོམས་གླིང་པའི་གསུང་འབུམ་དེ་ སྤྱི་ལོ་༢༠༠༨ ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་ ས་གནས་ བར་མཚམས་ལུ་གནང་ཡོདཔ་ད་ གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག་གིས་ དབང་ལུང་གནང་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། རང་འབྱུང་།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *