འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ བསམ་རྩེ་ལུ་ སྐུལ་བསྒྲགས་འབད་ཚར་ཏེ་ ལོག་འགྱོ་བའི་བསྒང་།

རང་མགོ་རང་འདྲོངས་བཟོ་ནི་ལུ་ གཞི་བཞག་སྟེ་ ཁས་བླངས་གསལ་བསྒྲགས་བཟོ་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་ཚུ་ལས་ ཚོགས་རྒྱན་དགོ་ནི་དང་ སེམས་ལྷུ་ནིའི་དོན་ལུ་ ཁས་བླངས་གསལ་བསྒྲགས་ མ་བཟོ་ཟེར་ཨིནམ་ད་ དེ་ཡང་རྒྱལ་ཁབ་ཀྱི་ མ་འོངས་མཐའ་དོན་ལུ་དམིགས་ཏེ་ རང་མགོ་རང་འདྲོངས་ ག་དེ་སྦེ་བཟོ་ནི་ཨིན་ན་ལུ་གཞི་བཞག་སྟེ་ ཁས་བླངས་གསལ་བསྒྲགས་བཟོ་ཡི་ཟེར་ སྤྱི་ཟླ་༡༠ པའི་ཚེས་༦ ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ བསམ་རྩེའི་མི་སེར་ཚུ་ལུ་ བཤད་ཅི།
གཙོ་འཛིན་གྱིས་ སླབ་མིའི་ནང་ ད་རེས་ སྲིད་ཚོགས་ལས་ལྷག་པའི་ འགན་ཁུར་དེ་ མི་སེར་ཚུ་ལུ་ཕོག་སྟེ་ཡོདཔ་ལས་ ཚོགས་རྒྱན་དེ་ རྒྱུད་སྐུལ་དང་ ནང་གསུག་གི་དབང་དུ་མ་ཤོར་བར་ རྩ་ཁྲིམས་ཆེན་མོའི་དགོངས་དང་འཁྲིལ་ བཙག་འཐུ་ནང་ བཅའ་མར་གཏོགས་གནང་ཟེར་ཨིནམ་ད་ སེམས་བདག་འཛིན་མ་འབད་བ་ཅིན་ ལམ་འཛོལ་ནིའི་ཉེན་ཁ་ཡོདཔ་ལས་ རང་གི་སེམས་དེ་ བདག་འཛིན་འབད་གནང་ཟེར་ དྲན་གསལ་འབད་ཡི།
གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ས་གནས་དམ་དུང་ལུ་ བཟོ་གྲྭ་ས་ཁོངས་ཅིག་ གཞི་བཙུགས་འབད་དེ་ རྒྱལ་ཁབ་ནང་ བསམ་རྩེ་དེ་ དཔལ་འབྱོར་གྱི་ལྟེ་བ་ལུ་ འགྱུར་ཚུགསཔ་བཟོ་ནིའི་ཁས་བླངས་ཡོད་ཟེར་ཨིནམ་ད་ བསམ་རྩེ་ཁྲོམ་ཁར་ ཕྱི་དང་ནང་གི་མི་ག་ར་འབད་རུང་ ཞལ་འཛོམས་འཚོགས་ནིའི་དོན་ལས་ ཞལ་འཛོམས་ཁང་ཅིག་བཟོ་བསྐྲུན་འབད་ནིའི་ ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ནང་ རྫོང་ཁག་ཉི་ཤུ་ནང་ ལྟ་བཤལ་གྱི་ལས་རིམ་འགོ་བཙུགས་ནི་ཨིནམ་མ་ཚད་ ལྷོ་མཚམས་རྫོང་ཁག་ཚུ་ནང་ཡང་ བྱ་བལྟ་ནི་དང་ གྲུ་བཏང་ནིའི་ལ་སོགས་པའི་ ལྟ་བཤལ་གྱི་ལས་རིམ་ འགོ་བཙུགས་འོང་ཟེར་ གཙོ་འཛིན་གྱིས་ཁས་བླངས་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ བསམ་རྩེ་དེ་ སོ་ནམ་གྱི་ཐོན་སྐྱེད་ འབྱ་དང་ གཞན་ཨ་ལེན་ཅིའི་ཚོང་འབྲེལ་འཐབ་སའི་ ས་ཁོངས་གཙོ་བོ་ཅིག་འབདཝ་ལས་ སོ་ནམ་གྱི་ཐོན་ཤུགས་ཚུ་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཚོང་ལམ་གསརཔ་ཅིག་ འགོ་བཙུགས་ནི་ཟེར་ ཁས་བླངས་འབད་ཡོདཔ་མ་ཚད་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ བསྡུ་ཚུགས་ནིའི་དོན་ལས་ གློག་མེའི་ར་བ་བྱིན་ནིའི་ ཁས་བླངས་ཡོད་ཟེར་ མི་སེར་ཚུ་ལུ་ བཤད་ཅི།
དེ་མ་ཚད་ ཞིང་སྟོངམ་ལུས་མི་ཚུ་ ལོག་སྟེ་ མི་སེར་ཚུ་གིས་སྤྱོད་ཐབས་ལུ་ ཆུ་ཞིང་ཚུ་ འཕྲུལ་ཆས་ཐོག་ལས་ ལོག་བཟོ་ནི་དང་ ཞིང་ཆུ་ཡང་ མ་ལང་ལངམ་སྦེ་སྤྲོད་ཐབས་ལུ་ ཆུ་གཡུར་བསལ་ནིའི་ ཁས་བླངས་ཡོད་ཟེར་ཨིནམ་ད་ སོ་ནམ་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ཡང་སྤྲོད་ནིའི་ ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
གཙོ་འཛིན་གྱིས་ སླབ་མིའི་ནང་ བསམ་རྩེ་ལུ་ རིགས་དྭགས་སེམས་ཅན་གྱི་ དཀའ་ངལ་ཡོདཔ་ཨིནམ་ ཁོ་གིས་ཤེས་ཟེར་ཨིནམ་ད་ གླངམོ་ཆེ་དང་ གཞན་རི་དྭགས་སེམས་ཅན་འཐོན་སའི་ས་ཁོངས་ཚུ་ནང་ ཀོ་ཕི་འཛུགས་སྐྱོང་འཐབ་བཅུག་སྟེ་བསམ་རྩེ་ལུ་ ཀོ་ཕི་གི་ལས་འགུལ་སྦོམ་གཅིག་ གཞི་བཙུགས་འབད་ནིའི་ ཁས་བླངས་ཡོད་ཟེར་ བཤད་ཅི།
ཨོ་རྒྱན་རྩེ་དང་ འོད་གསལ་རྩེ་རྒེད་འོག་གི་ མི་སེར་ཚུ་དང་ཕྱད་པའི་སྐབས་ གཙོ་འཛིན་གྱིས་ རྒེད་འོག་གི་སྨན་ཁང་ སྡེ་རིམ་༢ པ་དེ་ སྡེ་རིམ་༡ པ་ལུ་ རྒྱ་སྐྱེད་འབད་ནི་ཟེར་ ཁས་བླངས་འབད་ཡོདཔ་མ་ཚད་ ཉམས་མྱོང་ཅན་གྱི་ དྲུང་འཚོ་གཅིག་ཡང་ བྱིན་ནིའི་ ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ གཞུག་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ཧེ་མའི་གཞུང་གིས་ ལཱ་འཕྲོ་དེ་ འཕྲོ་མཐུད་དེ་ར་འབད་ནིའི་ ཁས་བླངས་ཡོད་ཟེར་ཨིནམ་ད་ སྲིད་ཚོགས་གཞན་གྱི་ཁས་བླངས་གསལ་བསྒྲགས་ ལེགས་ཤོམ་ཡོད་པ་ཅིན་ ངོས་ལེན་འབད་དེ་ ལཱ་འབད་ནིའི་ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་བཤདཔ་ཨིན་པས།
འོད་གསལ་རྩེའི་ མི་སེར་ཅིག་གིས་ གལ་སྲིད་འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ཉིན་གྲངས་༡༠༠ འི་རིང་ལུ་ འགྲུབ་ཚུགས་པའི་ཁས་བླངས་ ག་ཅིག་ཡོད་ཟེར་ དྲི་བ་བཀོད་པའི་ལན་ལུ་ འབྲུག་ཕུན་ཚོགས་པ་གིས་ ཡུན་བརྟན་གྱི་དོན་ལས་ ཁས་བླངས་རྐྱངམ་གཅིག་མ་གཏོགས་ རིན་མེད་སྟོང་པའི་ ཁས་བླངས་ག་ནི་ཡང་མེད་ཟེར་ གཙོ་འཛིན་གྱིས་ དོགས་སེལ་འབད་ཡི།
དེ་མ་ཚད་ མི་སེར་ཚུ་གི་ བསམ་རྩེ་རྫོང་ཁག་དེ་ རི་དྭགས་སྲུང་སྐྱོབ་ཀྱི་དཀའ་ངལ་སྦོམ་ཡོད་པའི་ ས་ཁོངས་ཅིག་འབདཝ་ལས་ གློག་མེ་རྭ་ཝ་གི་མ་ཚད་པར་ ཐབས་ཤེས་གཞན་ ག་ཅི་ཡོད་ཟེར་ དྲི་བ་བཀོད་པའི་ལན་ལུ་ གཙོ་འཛིན་གྱིས་ གླངམོ་ཆེ་འཐོན་སའི་ ས་ཁོངས་ནང་ གླངམོ་ཆེ་གིས་ མ་བཟའ་མི་ སོ་ནམ་ཐོན་སྐྱེད་ ས་སྒ་དང་ ཀོ་ཕི་ཤིང་ལ་སོགས་པ་ཚུ་བཙུགས་ཏེ་ རི་དྭགས་ཀྱི་དཀའ་ངལ་བསལ་ནིའི་འཆར་གཞི་དང་ ཁས་བླངས་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
ཚོགས་པ་རང་སོ་སོའི་ ཁས་བླངས་གསལ་བསྒྲགས་འགྲུབ་ནིའི་དོན་ལས་ འདེམས་ངོ་ཡང་ སྒྲིང་སྒྲི་དགོ་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་ལུ་འབད་བ་ཅིན་ སྤྱི་ཚོགས་ནང་ བཅའ་མར་གཏོགས་མི་ ཉམས་མྱོང་ཅན་གྱི་འདེམས་ངོ་ ལེ་ཤ་ཡོདཔ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཧེ་མ་ལོ་༡༠ གྱི་རིང་ལུ་ གཞུང་སྐྱོང་དང་ ལྡོག་ཕྱོགས་སྦེ་ཕྱག་ཞུ་བའི་ ཉམས་མྱོང་ཅན་གྱི་ཚོགས་པ་ཅིག་ཨིན་ཟེར་ གཙོ་འཛིན་གྱིས་བཤད་ཅི།
ཚོགས་པ་གདམ་ཁ་རྐྱབ་ནི་དེ་ མི་སེར་ཚུ་གིས་ལག་པར་ཨིནམ་ལས་ མནོ་བསམ་ལེགས་ཤོམ་སྦེ་བཏང་སྟེ་ ཚོགས་རྒྱན་དེ་ རྒྱུད་སྐུལ་དང་ ངན་ལྷད་ཀྱི་དབང་དུ་མ་ཤོར་བར་ མི་སེར་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཚོགས་རྒྱན་བཙུགས་གནང་ཟེར་ གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

བསམ་རྩེ་ལས་ གནས་བརྟན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *