མཐོ་རིམ་སློབ་ཕྲུག་ཚུ་གིས་ གོ་ལ་འཁྱུ་ནིའི་དོན་ལུ་ ལག་ལེན་འཐབ་མི་ཆུ་རྫིང་།

རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༉ ལོད་པའི་ས་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་གིས་ ཐབས་ཤེས་ག་དེམ་ཅིག་ར་བཏོན་རུང་ གནམ་བྱཱར་གྱི་ དུས་ཚོད་ནང་ ཨ་རྟག་ར་ ཆུའི་དཀའ་ངལ་སྦོམ་སྦེ་ར་ ཐོན་དོ་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཕུརཔ་རྡོ་རྗེ་གིས་ ཆུའི་དཀའ་ངལ་དེ་ ད་རེས་ནངས་པར་ ཐོན་ཐོནམ་མེད་པར་ ཧེ་མ་ལས་ར་ཡོད་ཟེར་ བཤད་པའི་ཁར་ དཀའ་ངལ་དེ་ཡང་ སྤྱི་ཟླ་༧ པ་དང་༨ པ་ལུ་ ཆརཔ་རྐྱབ་པའི་ དུས་ཚོད་ནང་བྱུང་སྟེ་ ལོ་དག་པ་ཅིག་ ཡར་སོ་ཡི་ཟེར་ བཤདཔ་ཨིན་པས།

ཆུའི་དཀའ་ངལ་དེ་ཡང་ ཆུ་རྐ་ལུ་ འདམ་དང་ རག་རོ་ཚུ་གིས་བསུབས་མ་ཚད་ རེ་ཚེ་སྐབས་ ས་རུད་ཆུད་དེ་ ཆུ་འདམ་པ་ཁོག་ཁོ་སྦེ་ ཐོནམ་མས་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ གནད་དོན་གཞན་དེ་ ཆུ་རྐ་ཐག་རིང་ནི་དེ་གིས་ཨིན་ཟེར་ བཤདཔ་ཨིན་པས།

ཆུ་རྐ་དེ་ འཕྲིན་ལས་སྒང་གི་ལྟག་ལུ་ མཐོ་རིམ་སློབ་གྲྭ་ལས་ ཀི་ལོ་མི་ཊར་༢༠ དེ་ཅིག་གི་ས་གནས་ ཨོ་ཀོ་ལུངམ་ལས་ ཆུ་དུང་འཐེན་ཡོདཔ་ལས་ འཕྲལ་འཕྲལ་ར་ ཆུ་དུང་ཚུ་ ཆག་འགྱོ་ནི་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ དཀའ་ངལ་དེ་ སྤྱི་ལོ་༡༩༩༠ གོ་གྲངས་ཀྱི་ སྔ་ཆ་ལས་ར་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ ས་ཁོངས་དེ་གི་ མི་སྡེ་ཚུ་ལུ་ཡང་ ཆུའི་གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༢ ལུ་ ཆུ་དུང་གསརཔ་བཙུགས་པའི་ཤུལ་ལས་ འཕྲིན་ལས་སྒང་གི་ སྦོ་ལོགས་ཁར་ ལམ་རྒྱ་སྐྱེད་ཀྱི་ ལཱ་འགོ་བཙུགས་པའི་སྐབས་ ཆུ་དུང་ཚུ་ ལན་ཐེངས་ལེ་ཤ་ཅིག་ར་ མེདཔ་བཏང་ནུག་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

དེ་འབདཝ་ད་ སྤྱི་ཟླ་༩ པ་ལས་༦ པ་ཚུན་ཚོད་ཀྱི་བར་ན་ མཐོ་རིམ་སློབ་གྲྭ་ལུ་ ཆུའི་དཀའ་ངལ་མེདཔ་ཨིན་པས།

མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ མོ་ ཟླཝ་འདི་ནང་ མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབདཝ་ད་ ཆུའི་དཀའ་ངལ་ཡོདཔ་ཨིནམ་ མ་ཤེསཔ་ལས་ བདུན་ཕྲག་༡ དེ་ཅིག་ ཆུ་མེད་པར་ གདོང་ལེན་སྦོམ་བྱུང་ཡི་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ བཞེས་སྒོ་འབད་ནིའི་དོན་ལུ་ ཆུ་བཟེད་བཞག་མི་དེ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ མོ་གིས་ བསིལ་ཆུ་ཉོ་སྟེ་ འཐུང་དོ་ཟེར་ བཤདཔ་ཨིན་པས།

གཙོ་འཛིན་གྱིས་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་ལུ་ ཆུ་རྒྱུན་མ་ཆདཔ་ འོང་ནིའི་དོན་ལུ་ ཉིན་བསྟར་བཞིན་དུ་ ལས་བྱེདཔ་དག་པ་ཅིག་ ཆུ་དུང་ལྟ་ཞིབ་འབད་བར་ བཏང་དོ་ཟེར་ཨིནམ་ད་ གལ་སྲིད་ ཆུ་ཉིནམ་ཅིག་ལས་ལྷག་སྦེ་ ཆད་སོ་པ་ཅིན་ མཐོ་རིམ་སློབ་གྲྭ་གིས་ སྤུ་ན་གཙང་ཆུ་དང་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་ སྤུ་ན་ཁ་ཁྲོམ་སྡེ་ ཁྲིམས་སྲུང་འགག་སྡེ་དང་ འབྲུག་གི་བསྟན་སྲུང་དམག་སྡེ་ཚུའི་ ཆུ་འབག་མི་ སྣུམ་འཁོར་ཚུ་ གླ་ཁར་ལེན་ཐོག་ལས་ ཆུ་མཛོད་ཚུ་ བཀང་དོ་ཟེར་ ཕུརཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།

ད་རུང་ སློབ་ཕྲུག་ཚུ་གིས་ཡང་ ཁས་བླངས་ཐོག་ ཆུ་དུང་རྒྱུན་སྐྱོང་འབད་ནི་དང་ མེདཔ་ཐལ་མི་ཚུ་ བཅོ་ཁ་རྐྱབ་དོ་ཟེར་ཨིན་པས།

ཆུའི་དཀའ་ངལ་སེལ་ཐབས་ལུ་ མཐོ་རིམ་སློབ་གྲྭ་གིས་ ས་ཁོངས་དེ་ལས་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་གནས་ ཉན་ཇ་ཁ་ལུ་ ཆུ་རྐ་ཅིག་ བལྟ་བའི་བསྒང་ཡོདཔ་ད་ དེ་གི་དོན་ལུ་ མི་སྡེ་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ གྲོས་བསྡུར་དག་པ་ཅིག་འབད་ཡོདཔ་ཨིན་པས།

མཐོ་རིམ་སློབ་གྲྭ་ལུ་ ཆུ་མཛོད་༤ ཡོད་མིའི་གུ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཆུ་མཛོད་གསརཔ་ཅིག་བཙུགས་ཡོདཔ་ཨིན་པས།

ད་རེས་ནངས་པར་ མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་༨༥༨ དེ་ཅིག་ཡོདཔ་ད་ མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་བའི་སྐབས་ལུ་ སློབ་ཕྲུག་༡༥༠ དེ་ཅིག་ལས་བརྒལ་མེད་རུང་ སང་ཕོད་ལས་ སློབ་ཕྲུག་གི་གྱངས་ཁ་ སྟོང་ཕྲག་ལུ་ ཡར་སེང་འགྱོ་ནི་ཨིན་པས།

སློབ་ཕྲུག་གི་ གྱངས་ཁ་ཡར་སེང་འགྱོ་མི་དེ་གིས་ཡང་ ཆུའི་དཀའ་ངལ་ལུ་ ལྷན་ཐབས་འབད་དོ་འོང་ནི་མས་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།

མཐོ་རིམ་སློབ་གྲྭ་དེ་ནང་ ཡུན་བརྟན་གོང་འཕེལ་འཛིན་སྐྱོང་གི་སློབ་ཕྲུག་ སྐྱེས་ལོ་༢༡ ལང་མི་ཅིག་གིས་ སླབ་མིའི་ནང་ ཆུ་དུས་ཚོད་ཁར་ བཏང་མི་དེ་ཡང་ བརྟན་ཏོག་ཏོ་མིན་འདུག་ཟེར་ཨིནམ་ད་ ང་བཅས་ལུ་ ནངས་པ་བཟུམ་ ཆོས་རྒྱུགས་ཡོད་པ་ཅིན་ ད་རིས་ཕྱི་རུ་ ཆུ་འོང་དོ་ཡོདཔ་ལས་ དུས་ཚོད་མང་ཤོས་ར་ ཆུ་འཁྱུ་ནི་དང་ ཆུ་བཟེད་བཞགཔ་ད་ རྫོགས་དོ་ཡོདཔ་ལས་ ཤེས་ཡོན་ལུ་ གནོདཔ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *