རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱི་ ཁེ་སང་བརྒྱ་ཆ་༥༠ མར་བབས་སོང་ཡོདཔ།

༉ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ ན་ཧིང་ ལོ་གཅིག་གི་ ཁེ་སང་དེ་ བརྒྱ་ཆ་༥༠ དེ་ཅིག་ མར་བབས་སོང་ནུག།

སྤྱི་ལོ་༢༠༡༥ ལུ་ ལས་འཛིན་གྱིས་ ཁེ་སང་དངུལ་ཀྲམ་ས་ཡ་༡༥.༧༠༩ བཟོ་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ མ་དངུལ་ས་ཡ་༧.༨༣༠ ལས་བརྒལ་ བཟོ་མ་ཚུགས་པས།
དེ་ཡང་ དངུལ་ཀྲམ་ས་ཡ་༣.༦༩༡ གནས་པའི་རྡོ་ཚུ་ དགོངས་ཡངས་བཏང་མི་དེ་གིས་ཨིནམ་ད་ དངུལ་ཀྲམ་ས་ཡ་༣.༩༤༦ དེ་ཅིག་ རྡོ་དཀྲུམ་མི་འཕྲུལ་ཆས་ཉམས་བཅོས་འབད་མི་ལུ་བརྟེན་ ཁེ་སང་ལུ་ གནོད་པ་བྱུང་ཡི་ཟེར་ ལས་འཛིན་གྱི་ ལོ་བསྟར་སྙན་ཞུ་ནང་ བཀོད་ནུག།
དེ་མ་ཚད་ དངུལ་ཀྲམ་ས་ཡ་༢.༣༠༩ གནས་པའི་ རྡོ་ཚུ་ནང་ བརྒྱ་ཆ་༡༠ དེ་ཅིག་ ལཱ་འབད་མ་བཏུབ་མི་དང་ རྡོ་གཏེར་འཕྲུལ་ཁང་ཅིག་ མཚམས་འཇོག་འབད་མི་ལུ་ རྒུད་འཐུས་སྤྲོད་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
ལས་འཛིན་གྱིས་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༤༠༦.༥༥ ཟད་འགྲོ་བཏང་མི་ལས་ ན་ཧིང་ དངུལ་ཀྲམ་ས་ཡ་༤༠༩.༧༩ ཟད་འགྲོ་བཏང་མི་དང་ཕྱདཔ་ད་ ལོ་དེ་ནང་ ཟད་འགྲོ་ཡང་ དངུལ་ཀྲམ་ས་ཡ་༣.༢༤༠ ཡར་སེང་སོང་མི་ལུ་བརྟེན་ བགོ་བཤའི་ཁེ་སང་ཡང་ གསལ་སྟོན་འབད་མ་ཚུགས་པས།
སྤྱི་ཟླ་༥ པའི་ཚེས་༢༦ ལུ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ལོ་བསྟར་གནས་ཚུལ་ཞལ་འཛོམས་ནང་ ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ངོ་ཚབ་ བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ལས་འཛིན་དེ་ ཁེ་སང་བཟོ་བའི་ ལས་འཛིན་ཅིག་མེན་ཟེར་ཨིནམ་ད་ ལས་འཛིན་གྱི་ དམིགས་ཡུལ་དེ་ཡང་ མི་སེར་ཚུ་ལུ་ ཞབས་ཏོག་གང་དྲག་བྱིན་ནི་དང་ ཤིང་ཆས་དང་ རྡོ་ བྱེམ་ རྡོ་རུག་ བཀྲམ་སྤེལ་ དེ་ལས་ ནགས་ཚལ་བསྐྱར་གསོ་འབད་ནི་ཚུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལུ་ ཤིང་ཆས་སི་ཨེཕ་ཊི་ས་ཡ་༡.༧ དང་ བྱེམ་སྣུམ་འཁོར་ཊཱག་༥༤,༠༠༠ དེ་ཅིག་ མི་སེར་ཚུ་ལུ་ བགོ་བཀྲམ་འབད་ཡི་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ན་ཧིང་ གྲོང་གསེབ་བཟོ་སྐྲུན་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ གོང་ཚད་མར་ཕབ་ཐོག་ ཤིང་ཆས་སི་ཨེཕ་ཊི་༤༠,༦༢༢ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ཤིང་ཆས་གསོག་མཇོག་འབད་ནི་ཡང་ སྤྱི་ལོ་༢༠༡༦ གི་ལོ་འགོ་བཙུགསཔ་དང་ཕྱདཔ་ད་ ཤིང་ཆས་༣༦༤,༡༥༢.༢ མར་ཕབ་འབད་ནུག།
ན་ཧིང་ རྡོ་རུག་སི་ཨེཕ་ཊི་ས་ཡ་༩༨༨,༩༢༣.༦༩ བཀྲམ་སྤེལ་འབད་དེ་ དངུལ་ཀྲམ་ས་ཡ་༣༠.༢༦ བཟོ་ཡོད་རུང་ སྤྱི་ལོ་༢༠༡༥ དང་ཕྱདཔ་ད་ དངུས་ཀྲམ་ས་ཡ་༤ དེ་ཅིག་ མར་བབས་སོང་ཡོདཔ་སྦེ་ སྙན་ཞུ་ནང་ བཀོད་ནུག།
དེ་ཡང་ པདྨ་དགའ་ཚལ་ ངང་ཤིང་རྡོ་རུག་འཕྲུལ་ཆས་དང་ སྤ་རོ་ སྤུ་བ་ན་ལུ་ རྒྱལ་འཛིན་ཤེས་རིག་བཟོ་སྐྲུན་འབད་ནིའི་དོན་ལུ་ རྡོ་རུག་འཕྲུལ་ཆས་ཅིག་ གཞི་བཙུགས་མི་དེ་གིས་ ལས་འཛིན་ལུ་ གྱོང་རྒུད་ཕོག་མི་ལུ་བརྟེན་ བཙོང་དགོཔ་ ཐོན་ཡོདཔ་བཞིན་དུ་ ད་ལྟོ་ ལས་འཛིན་ལུ་ རྡོ་འཕྲུལ་ཆས་༢ རྐྱངམ་གཅིག་ཡོདཔ་ཨིན་པས།
བསོད་ནམས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་རེས་ རྒྱུ་ཆས་མཁོ་འདོད་བཀོད་མི་དང་ བཀྲམ་སྤེལ་འབད་མི་ གཉིས་ཀྱི་བར་ན་ མོས་མཐུན་བྱུང་མ་ཚུགས་རུང་ ལས་འཛིན་གྱིས་ རྒྱུ་ཆས་ཚུ་ ཐོན་སྐྱེད་འབད་ས་ལས་ བཀྲམ་སྤེལ་ལྟེ་བ་ཚུན་ བགོ་བཀྲམ་འབད་ནི་ལུ་ དཔའ་བཅམ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤིང་ཆས་ཀྱི་ གོང་ཚད་ཚུ་ཡང་ གཅིག་སྦེ་བཟོ་སྟེ་ཡོད་ཟེར་ཨིནམ་བཞིན་དུ་ ན་ཧིང་གི་ལོ་ནང་ ཤར་ཕྱོགས་ལས་ ནུབ་ཕྱོགས་རྫོང་ཁག་ནང་ ཤིང་ཆས་སི་ཨེཕ་ཊི་༡༠༠,༠༠༠ དེ་ཅིག་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།
རྒྱུ་ཆས་ཚུ་ བཏོན་ནིའི་དོན་ལུ་ རང་བཞིན་གནས་སྟངས་དང་མཐུན་པའི་ དེང་སང་གི་ ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ ཞབས་ཏོག་བྱིན་ནི་དོན་ལུ་ ན་ཧིང་ལས་ ཤིང་ཆས་ཀྱི་ སིལ་ཚོང་ཁང་ཡང་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
བྱེམ་གྱི་ཐད་ལུ་ ནུབ་ཕྱོགས་རྫོང་ཁག་གི་དོན་ལུ་ བྱེམ་བཏོན་ས་ དབང་འདུས་ཤར་རྐྱངམ་གཅིག་འབདཝ་ལས་ མཁོ་འདོད་གྲུབ་མ་ཚུགས་པར་ ལཱ་ཁག་བཏང་རུང་ ལས་འཛིན་གྱིས་ རྒྱུན་མ་ཆད་པར་ བཀྲམ་སྤེལ་འབད་དོ་ཟེར་ བསོད་ནམས་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
ལས་འཛིན་གྱིས་ ལོ་བསྟར་བཞིན་དུ་ ནགས་ཚལ་འཁོར་ལམ་ སེལ་དགོ་དོ་ཡོདཔ་ལས་ ཟད་འགྲོ་ལེ་ཤ་ བཏང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ནང་འཁོད་ལུ་ ནགས་ཚལ་འཁོར་ལམ་ ཀི་ལོ་མི་ཊར་༧༠༠ དེ་ཅིག་ སེལ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *