༉ རྒྱལ་ཁབ་ནང་ རང་བཞིན་གྱི་ཚོན་བཟོ་ནིའི་ཤིང་དང་ སྔོ་ཤིང་གི་རིགས་ལེ་ཤ་ཡོད་རུང་ ལྡེབས་རིས་དང་ སྐུ་ཐང་ཚུ་ ནང་འདྲེན་འབད་མི་ ཚོན་གྱིས་མ་གཏོགས་ རང་བཞིན་གྱི་ཚོན་ ལག་ལེན་འཐབ་སྟེ་ སྐུ་ཐང་བཞེངས་མི་དེ་ དཀོན་སུ་ཅིག་ཨིན་པས།
ཨིན་རུང་ བཀྲིས་གཡང་རྩེ་བཟོ་རིགས་༡༣ སྤེལ་ཁང་ལས་ མཐར་འཁྱོལ་མི་ དཔལ་འབྱོར་རྡོ་རྗེ་དང་ ནོར་བུ་ཚེ་རིང་གཉིས་ཀྱིས་ རང་བཞིན་གྱི་ཚོན་བསྡུ་ལེན་འབད་དེ་ ལྷ་བྲིས་ཀྱི་ལཱ་འབད་དོ་ཡོདཔ་ད་ རང་བཞིན་གྱི་ཚོན་དང་འབྲེལ་བའི་ ཞིབ་འཚོལ་འབད་མི་ལུ་བརྟེན་ མ་འོངས་པའི་ཨ་ལོ་ཚུ་གིས་ རང་བཞིན་གྱི་ཚོན་ཚུ་ ག་ཅི་གིས་བཟོཝ་ཨིན་ན་ ཤེས་ཚུགས་ནི་ཨིན་པས།
དཔལ་འབྱོར་རྡོ་རྗེ་གིས་ སླབ་མིའི་ནང་ རང་བཞིན་གྱི་ཚོན་བཟོ་ནིའི་དོན་ལུ་ ལོ་༥ དེ་ཅིག་ ཞིབ་འཚོལ་འབད་ཡི་ཟེར་ཨིནམ་ད་ ཞིབ་འཚོལ་དེ་ཡང་ རང་བཞིན་གྱི་ཚོན་ཉམས་སྲུང་འབད་ནི་དང་ སྔར་སྲོལ་གྱི་ངོ་རྟགས་བཞག་ནིའི་དོན་ལུ་ ཞིབ་འཚོལ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ནང་འདྲེན་འབད་ཡོད་པའི་ཚོན་མ་གཏོགས་ རང་བཞིན་གྱི་ཚོན་ལག་ལེན་འཐབ་སྟེ་ སྐུ་ཐང་བཞེངས་མི་ གངམ་མིན་འདུག་ཟེར་ཨིནམ་ད་ ནང་འདྲེན་འབད་མི་ཚོན་ལུ་ རྫས་སྦྱོར་ཡོདཔ་ལས་ རང་གི་མིག་ཏོ་ལུ་ གནོད་པ་ཡོད་ཟེར་ཨིན་པས།
དཔལ་འབྱོར་རྡོ་རྗེ་དང་འཁྲིལ་བ་ཅིན་ རང་བཞིན་གྱི་ཚོན་བཏང་མི་ ཐང་ཀ་དེ་གིས་ ལོ་ཚད་དེ་ཅིག་སྡོད་འོང་ཟེར་སླབ་མ་ཚུགས་རུང་ ཚུལ་དང་ལྡན་ཏོག་ཏོ་སྦེ་ སྤྱིན་ལག་ལེན་འཐབ་པ་ཅིན་ ལོ་༣,༠༠༠ ལས་༤,༠༠༠ འི་བར་ན་ སྡོད་འོང་ཟེར་ཨིན་པས།
བཀྲིས་གཡང་རྩེ་ བཟོ་རིགས་༡༣ སྤེལ་ཁང་གི་ སློབ་དཔོན་བསམ་གཏན་གྱིས་ སླབ་མིའི་ནང་ རང་བཞིན་ལས་ཐོན་པའི་ཚོན་དང་གཅིག་ཁར་ གྲུབ་ཆུ་༡༠༨ དེ་ལས་ བྱིན་ཅན་གྱི་དམ་རྫས་ཚུ་ ལག་ལེན་འཐབ་ནི་ཡོད་ཟེར་ཨིནམ་ད་ རང་བཞིན་གྱི་ཚོན་ལག་ལེན་ཐོག་ལས་ སྐུ་ཐང་ཚུ་བཞེངས་པ་ཅིན་ བདག་གཞན་༢ ཆ་ར་ལུ་ ཕན་ཐོགས་ཡོདཔ་མ་ཚད་ འབྲུག་པའི་ངོ་རྟགས་ཡང་ སྟོན་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ རང་བཞིན་གྱི་ཚོན་ལག་ལེན་འཐབ་མི་དེ་ སྐྱོན་སུ་ཅིག་འདུག་ཟེར་ཨིནམ་ད་ ནང་འདྲེན་འབད་མི་ཚོན་ལུ་ ཟད་འགྲོ་ལེ་ཤ་གཏང་དགོཔ་ལས་ ཤིང་དང་སྔོ་ཤིང་ལས་ཐོན་མི་ ཚོན་ལག་ལེན་འཐབ་པ་ཅིན་ ཟད་འགྲོ་དེ་ཅིག་ མི་གནས་ཟེར་ཨིན་པས།
རང་བཞིན་གྱི་ཚོན་ཡང་ སྟར་གོ་གི་པགས་ཀོ་དང་ སྔོ་ཤིང་ཨུ་ཤི་ལ་ སི་སི་ཤིང་གི་ཤོམ་འདབ་ དེ་ལས་ ཀེ་ཧང་ཚུ་གིས་ བཟོ་དོ་ཡོདཔ་བཞིན་དུ་ དེ་ཚུ་གིས་ ཚོན་ཡང་རྒྱ་སྨུག་དང་ ལྕང་ཁ་ དེ་ལས་ སེརཔོ་ཚུ་ཐོན་དོ་ཡོདཔ་ད་ ཚོས་གཞི་དམརཔོ་བཟོ་ནིའི་དོན་ལུ་ བཙོད་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རང་བཞིན་གྱི་ཚོན་བཟོ་ནིའི་དོན་ལུ་ ཞིབ་འཚོལ་བརྒྱ་ཆ་༩༠ དེ་ཅིག་འབད་ཚར་ཡི་ཟེར་ དཔལ་འབྱོར་གྱིས་བཤད་པའི་ཁར་ ཚོན་མ་འདྲཝ་༡༥ དེ་ཅིག་ སློབ་དཔོན་བསམ་གཏན་དང་ གཞན་མཁས་མཆོག་ཚུ་ལུ་ དྲི་ལན་འབད་ཐོག་ལས་ ཞིབ་འཚོལ་འབད་དེ་ཡོད་ཟེར་ཨིནམ་ད་ ཞིབ་འཚོལ་དཔེ་དེབ་ནང་ ཚོན་ལག་ལེན་འཐབ་ཐངས་ཚུ་ཡང་ ཚུད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རང་བཞིན་གྱི་ཚོན་བཟོ་ནིའི་དོན་ལུ་ འཕྲུལ་ཆས་ཅིག་ གཞི་བཙུགས་འབད་བ་ཅིན་ རང་བཞིན་གྱི་ཚོན་ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ལྟ་བཤལཔ་ཚུ་གིས་ རང་བཞིན་ཚོན་གྱི་སྐུ་ཐང་ཚུ་ ཉོ་དོ་ཡོདཔ་ལས་ རྒྱལ་ཁབ་ཀྱི་འོང་འབབ་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོང་འབྲེལ་འགྲེམ་སྟོན་ཚར་རེ་འབདཝ་ད་ རང་བཞིན་ཚོན་གྱིས་བཞེངས་མི་ སྐུ་ཐང་ཚུ་གིས་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དང་༢༠༠,༠༠༠ ཀྱི་བར་ན་ ཐོབ་ཚུགས་པས་ཟེར་ཨིནམ་ད་ གདོང་ལེན་ཆེ་ཤོས་ར་ འཕྲུལ་ཆས་གཞི་བཙུགས་འབད་ནིའི་དོན་ལུ་ མ་དངུལ་མེད་མི་དེ་ཨིན་ཟེར་ཨིན་པས།
དང་ཕུ་གི་ ལྷ་ཁང་ནང་གི་ལྡེབས་རིས་དང་ སྐུ་ཐང་ཚུ་ རང་བཞིན་གྱི་ཚོན་ ལག་ལེན་ཐོག་ལས་ ཉམས་གསོ་ཞུ་བ་ཅིན་ ཕན་ཐོགས་སྦོམ་ཡོདཔ་མ་ཚད་ ཞིབ་འཚོལ་དཔེ་དེབ་དེ་གིས་ འབྲུག་པའི་ལམ་ལུགས་སྲོལ་ལུ་ ལྷན་ཐབས་འབད་ནི་ ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།