༉ ཁ་ཙ་ལས་ ཐིམ་ཕུག་ལ་མེ་རི་ཌི་ཡཱན་ཟ་ཁང་ནང་ ཉིན་གྲངས་༢ འབད་མི ཁྲིམས་སྡེ་གིས་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ རྩོད་བཤེར་འབད་ནིའི་དོན་ལུ་ གོ་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ འབྲུག་གི་རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ མཐའ་འཁོར་གནས་སྟངས་དང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཁྲིམས་ལུགས་སྐོར་ལས་ གསལ་བཤད་འབད་ཡི།
གོ་བསྡུར་ཞལ་འཛོམས་དེ་ནང་ མཐའ་འཁོར་གནས་སྟངས་འགོ་དཔོན་གོངམ་ བསྟན་འཛིན་དབང་མོ་གིས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འབྲུག་ལུ་ གནོད་ཉེན་དང་ འཛམ་གླིང་དང་ འབྲུག་གི་ངོས་ལེན་ དེ་ལས་ ད་ལས་ཕར་ མདུན་ལམ་ལུ་ ག་དེ་སྦེ་ ཞུགས་ནི་ཨིན་ནའི་སྐོར་ གསལ་བཤད་འབད་ཡི།
མོ་གིས་ བཤད་མིའི་ནང་ འབྲུག་ལུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འཛམ་གླིང་ཚ་དྲོད་ཡར་སེང་སོང་མི་ལུ་བརྟེན་ གནག་རླུང་ཚུ་གིས་སྦེ་ ཆུའི་རྐ་དང་ སོ་ནམ་ ནགས་ཚལ་དང་ སྐྱེ་ལྡན་རིགས་སྣ་ རང་བཞིན་གྱི་ རྐྱེན་ངན་ཚབས་ཆེན་ དེ་ལས་ མིའི་གཟུགས་ཁམས་འཕྲོད་བསྟེན་ཚུ་ལུ་ ཐོ་ཕོག་བཞིན་དུ་ཡོད་ཟེར་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ མཐའ་འཁོར་གནས་སྟངས་ སྲུང་སྐྱོབ་་འབད་དགོ་པའི་ དགོངས་དོན་དང་འཁྲིལ་ཏེ་ འབྲུག་གིས་ གདོང་ལེན་འབད་དེ་ཡོདཔ་ད་ དེ་ཚུ་གི་གྲས་ལས་ འཛམ་གླིང་རྒྱལ་སྤྱི་གནམ་གཤིས་འགྱུར་བགྲོད་ཀྱི་ དཔྱད་གཞི་ཞལ་འཛོམས་དང་ ཀི་ཡོ་ཊོ་ཆིངས་ཡིག་དང་ པེ་རིསི་ཆིངས་ཡིག་གུ་ མཚན་རྟགས་བཀོད་མི་དང་ སྤྱི་ལོ་༢༠༠༩ ལས་ ཀཱར་བཱོན་མེད་པའི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་གི་ ཁས་བླངས་འབད་བའི་ཁར་ བཙོག་རླུང་མར་ཕབ་ཀྱི་ ཐབས་བྱུག་ཚུ་ལུ་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྔོ་ལྗངས་ལྡན་པའི་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ སྲིད་བྱུས་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ རྐྱེན་ངན་སྔོན་འགོག་གི་ ལས་སྣ་ཚུ་ འགོ་བཙུགས་ཡོདཔ་མ་ཚད་ གནམ་གཤིས་འགྱུར་བགྲོད་ཀྱི་ སྲིད་བྱུས་ཟིན་བྲིས་ཚུ་ བཏབ་པའི་བསྒང་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ད་ཚུན་ རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ བཅའ་ཁྲིམས་ཅིག་མེདཔ་ད་ ད་རེས་ནངས་པར་ གནས་སྟངས་དང་འཁྲིལཝ་ད་ བཅའ་ཁྲིམས་བཟོ་དགོཔ་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་གི་ མནོ་བསམ་གཏང་དགོ་པའི་ ཡུལ་ལུ་གྱུར་ཏེ་ཡོད་ཟེར་ཨིན་པས།
དེ་ལས་ འཛམ་གླིང་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ ཁྲིམས་དང་འབྲེལ་བའི་ གནད་དོན་སྐོར་ གསལ་བཤད་འབད་མི་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གི་ ཤེས་ཡོན་འཛིན་སྐྱོང་མཁས་མཆོག་ བ་རའི་ཡོ་ནི་ ཨི་ཡཱལསི་གིས་འབད་བ་ཅིན་ མ་གཞི་ འཛམ་གླིང་རྒྱལ་ཁབ་༡༩༢ ཀྱིས་ བཅའ་མར་གཏོགས་མི་ པེ་རིསི་ཆིངས་ཡིག་ལ་སོགས་པའི་ གདོང་ལེན་དང་འབྲེལ་བའི་ ཐབས་ཤེས་ཚུ་ འགོ་འདྲེན་འཐབ་བཞིན་ཡོད་རུང་ ད་རུང་ འབད་དགོཔ་ལེ་ཤ་ཡོད་ཟེར་ཨིན་པས།
མོ་གིས་ ནེ་དར་ལེནསི་དང་ པ་ཀིསི་ཏཱན་ ཨཱསི་ཊེ་ལི་ཡ་ ཨ་མེ་རི་ཀ་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ གཞུང་དང་མི་སེར་གྱི་བར་ན་ གནམ་གཤིས་འགྱུར་བགྲོད་བཀག་ཐབས་ཀྱི་ ལས་སྣ་དང་འབྲེལ་བའི་ གནད་དོན་སྐོར་ ཁྲིམས་འདུན་ལུ་ལྷོདཔ་ད་ ཁྲིམས་ཀྱིས་ ངོས་ལེན་ག་དེ་སྦེ་ འབད་ཡོདཔ་ཨིན་ན་དང་ ངོས་ལེན་འབད་ཚར་མི་ རྩོད་དོན་ཚུ་ དཔེ་དང་སྦྲགས་ གསལ་བཤད་འབད་ཡོཅདཔ་བཞིན་དུ་ དྲང་དཔོན་ཚུ་ལུ་ རྩོད་གཞི་ཕྱེ་མི་ རྩ་ཕན་ཚུ་གི་ མི་ཚེ་དང་ འཚོ་བ་དང་ མཐའ་འཁོར་གནས་སྟངས་སྲུང་སྐྱོབ་ཀྱི་ འགན་ཁུར་སྦོམ་ཕོག་སྟེ་ཡོད་ཟེར་ཨིན་པས།
གསལ་བཤད་འབད་མི་ཚུ་གིས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ཉེས་དམིགས་དེ་ མི་གཅིག་དང་ གཉིས་མེན་པར་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ག་ར་ལུ་ གཅིག་མཚུངས་སྦེ་ མྱོང་དགོཔ་ལས་ ཚ་གྱང་འབག་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
ད་རིས་ མཇུག་བསྡུ་ནི་ཨིན་མི་ གོ་བསྡུར་ཞལ་འཛོམས་དེ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ དྲང་དཔོན་དང་ ཁྲིམས་དོན་འགོ་དཔོན་ཚུ་གིས་ བཅའ་མར་གཏོགསཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།