གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ རང་བཞིན་གནས་སྟངས་ཀྱི་ འགོ་དཔོན་ཚུ།

རང་བཞིན་གནས་སྟངས་ཀྱི་ཁྲིམས་ ལག་ལེན་འཐབ་ནིའི་དོན་ལུ་ ལྕོགས་གྲུབ་གོང་འཕེལ།

༉ རྒྱལ་ཁབ་ནང་གི་ རང་བཞིན་གནས་སྟངས་འགོ་དཔོན་ཚུ་གིས་ མཐའ་འཁོར་གནས་སྟངས་ཀྱི་ཁྲིམས་ བསྐྱར་ཞིབ་འབདཝ་དང་འབྲེལ་ གྲོས་འདེབས་ལེ་ཤ་བཀོད་ནུག།
གྲོས་འདེབས་ཚུ་གི་གྲས་ལས་ དང་པ་ར་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་བཅའ་ཁྲིམས་དང་ བཅའ་ཡིག་ དེ་ལས་ སྒྲིག་གཞི་ནང་ ཁྲོམ་སྡེ་ཀ་པ་དང་ འབྲེལ་ཡོད་རྫོང་ཁག་ཚུ་གིས་ ཁྲོམ་སྡེའི་ཡིག་ཚང་བརྒྱུད་དེ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ ཁྲིམས་དང་འཁྲིལ་ བསྟར་སྤྱོད་འབད་ནི་ཟེར་ བཀོད་ཡོད་མིའི་ཐད་ལུ་ ཁྲིམས་ལག་ལེན་འཐབ་མི་ གཞན་ཚུ་དང་གཅིག་ཁར་ གན་རྒྱ་བཟོ་ཐོག་ལས་ ལྟ་རྟོག་གི་འགན་ཁུར་ གསལ་རིལ་རི་སྦེ་ བཀོད་དགོཔ་འདུག་ཟེར་ཨིན་པས།
ད་རུང་ ཕྱགས་སྙིགས་དང་ རག་རོ་ཚུ་ བཀག་འཛིན་ཅན་གྱི་ ས་ཁོངས་ནང་ བཀོག་ནི་གི་ཐད་ལུ་ ཕྱགས་སྙིགས་བཀོག་མ་བཏུབ་པའི་ས་གནས་སྐོར་ ཁ་གསལ་སྦེ་ བཀོད་དེ་མེདཔ་ལས་ ས་ཁོངས་ག་ཅི་ནང་ཨིན་རུང་ བཀོག་མ་བཏུབ་སྦེ་ ཧོ་གོ་དགོ་ཟེར་ མོས་མཐུན་བྱུང་ཡི།
བཅའ་མར་གཏོགས་མི་ཚུ་གིས་ཕྱགས་སྙིགས་ཕྱི་སེལ་འབད་ནིའི་དོན་ལུ་ མཐུན་རྐྱེན་མེད་མི་དེ་ དཀའ་ངལ་སེལ་ཐབས་ལུ་ སྒེར་སྡེ་ཚུ་ལུ་ ཐོབ་ལམ་སྤྲོད་དགོ་པའི་ གྲོས་འདེབས་བཀོད་ཅི།
མཐའ་འཁོར་འགོ་དཔོན་ཚུ་གིས་ རྩི་རང་རྫོང་ཁག་ནང་ ཟླ་རིམ་བཞིན་དུ་ འགོ་འདྲེན་འཐབ་བཞིན་ཡོད་པའི་ ཕྱགམ་འཕྱག་ནིའི་ལས་རིམ་དང་ རྒེད་འོག་དང་ སྤྱི་འོག་ཆ་མཉམ་ནང་ ཕྱག་སྙིགས་བསྡུ་ལེན་ལྟེ་བ་གཞི་བཙུགས་དང་ ཁྲོམ་གཙོ་ཅན་གྱི་ས་ཁོངས་ནང་ པར་ཆས་སི་སི་ཊི་བི་གཞི་བཙུགས་འབད་ཡོད་མི་ དེ་ལས་ རྫོང་ཁག་དང་ རྒེད་འོག་གི་ གནས་ཚད་ནང་ དུས་སྟོན་དང་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བང་ཅུང་དང་ ཟླ་པ་ ཕོརཔ་ཚུ་ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་མི་ གྱིབ་ཤོག་གི་ ཐ་ལི་ཚུ་གི་ཚབ་ལུ་ ངང་ལ་དང་ གཞན་ཤིང་གི་འདབ་མ་ཚུ་ ལག་ལེན་འཐབ་མི་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་ཡི།
དེ་བཟུམ་སྦེ་ དཔེ་སྟོན་ཅིག་ ཐིམ་ཕུག་ཁྲོམ་སྡེ་ནང་འབད་བ་ཅིན་ གཞུང་མིན་ལས་སྡེ་ཚུ་གིས་ ཕྱགས་སྙིགས་ལོག་བཀོལ་སྤྱོད་ལས་འགུལ་ཚུ་ནང་ བཅའ་མར་གཏོགས་མི་དང་ ཐབ་ཚང་གི་ ཕྱགས་སྙིགས་ཚུ་ རུལ་བཅུག་ཐབས་ཀྱི་ གོ་བརྡ་དང་ འགྲེམས་སྟོན་ལས་རིམ་ དེ་ལས་ ཁྲིམས་འགལ་ཐོག་ ཕྱགས་སྙིགས་ག་ལྷོད་བཀོག་མི་དེ་ མར་ཕབ་འབད་ཐབས་ལུ་ པར་ཆས་སི་སི་ཊི་བི་ གཞི་བཙུགས་འབད་མི་ དེ་ལས་ རང་ལུགས་ཀྱི་ སྨན་རྫས་མེད་མི་ ལུད་བཟོ་ཐངས་ཚུ་ གཙུག་སྡེ་དང་ སློབ་གྲྭ་ དེ་ལས་ རང་སོའི་ཁྱིམ་གྱི་ གནས་ཚད་ནང་ གཞི་བཙུགས་འབད་མི་ཚུ་གི་སྐོར་ལས་ཡང་ གྲོས་བསྟུན་འབད་ཡི།
དེ་མ་ཚད་ ཆུའི་བཅའ་ཁྲིམས་༢༠༡༡ དང་ ཆུའི་བཅའ་ཡིག་༢༠༡༤ ཅན་མ་ ལག་ལེན་གྱི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཁྲིམས་ལུགས་བསྟར་སྤྱོད་འབད་ནིའི་ནང་ ལྕོགས་གྲུབ་ཡར་དྲག་གཏང་ཐབས་ལུ་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ ཉིན་གྲངས་༤ གི་རིང་ གོ་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་མི་དེ་ ད་རིས་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *