རང་གི་འདེམས་ངོ་ གདམ་འཐུ་འགྲུབ་པ་ཅིན་ ཚོགས་པ་ག་གིས་ གཞུང་སྐྱོང་རུང་ བློ་འགྱོད་མེདཔ།

༉ དབང་འདུས་རྫོང་ཁག་གི་ མི་ཚུ་གིས་སླབ་མིའི་ནང་ ཁོང་རའི་འདེམས་ངོ་དེ་ གདམ་འཐུ་འགྲུབ་པ་ཅིན་ ཚོགས་པ་ག་གིས་ གཞུང་སྐྱོང་རུང་ བློ་འགྱོད་མེད་ཟེར་ཨིན་པས།

སྐྱེས་ལོ་༣༡ ལང་མི་ ཀ་བཞི་རྒེད་འོག་ལས་ཨིན་མི་ ཨོ་རྒྱན་གྱིས་བཤད་མིའི་ནང་ འདེམས་ངོ་ག་ར་གིས་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ར་ ལཱ་འབད་དོ་འོང་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ འདེམས་ངོ་ག་དྲགཔ་ཨིན་ན་ སྐྱོཝ་ཨིན་ན་ སླབ་མ་ཤེས་རུང་ རང་གི་གཡུས་ཁ་ལུ་ གཙོ་རིམ་བཟུང་ནིའི་ཐད་ཁར་ལྷོདཔ་ད་ མི་འདྲ་ནི་ཨིནམ་ལས་ རང་སོའི་གཡུས་ཁ་ལས་ཐོན་མི་ འདེམས་ངོ་དེ་ར་ གདམ་ཁ་རྐྱབ་འོང་ཟེར་ཨིན་པས།

སྐྱེས་ལོ་༣༧ ལང་མི་ འཕང་ཡུལ་རྒེད་འོག་ དགོན་ཁ་ལས་ཨིན་མི་ བསོད་ནམས་ལྷ་མོ་གིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ དབང་ཕྱུག་རྣམ་རྒྱལ་དང་གཅིག་ཁར་ དེ་ཅིག་འབྲེལ་བ་མེདཔ་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་དེ་ གཡུས་ཅིག་ཁར་ཨིནམ་ལས་ རྒྱལ་ནིའི་རེ་བ་ཡོད་ཟེར་ཨིན་པས།

འགོ་ཐོག་བཙག་འཐུའི་སྐབས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣༠༣༣ ཐོབ་སྟེ་ ཉི་ཤོ་དང་ སྲས་ཕུག་འདེམས་ཁོངས་ནང་ལས་ མཐོ་ཤོས་ཐོབ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་༢༥༣༠ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་༡༢༠༨ ཐོབ་ཡོདཔ་ཨིན་པས།

འཕང་ཡུལ་དང་ ཀ་བཞི་ བྱེད་ནག་ དགའ་སེང་ཚོ་གོངམ་གི་ མི་ཚུ་གིས་འབད་བ་ཅིན་ འདེམས་ངོ་ག་དེ་ ཡོངས་གྲགས་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ འདེམས་ངོ་ག་ར་ ལྕོགས་གྲུབ་ཅན་སྦེ་ར་ མཐོངམ་མས་ཟེར་ཨིན་པས།

བྱེད་ནག་རྒེད་འོག་ལས་ཨིན་མི་ སོ་ནམ་པ་ ལྷག་པ་གིས་ སླབ་མིའི་ནང་ ཁོ་ར་ ཤེས་ཡོན་མ་ལྷབ་ནི་དེ་གིས་ ག་དྲག་དོ་ཡོདཔ་ཨིན་ན་ རྩ་ལས་མི་ཤེས་པས་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ག་གིས་རྒྱལ་ཁ་འཐོབ་རུང་ གཞུང་ག་གིས་སྐྱོང་རུང་ རང་གི་མི་ཚེ་དེ་ རང་གིས་ར་ སྐྱོང་དགོ་པས་ཟེར་ཨིན་པས།

ལྷག་པ་གིས་འབད་བ་ཅིན་ འདེམས་ངོ་ཚུ་གིས་ ཁས་བླངས་ལེ་ཤ་འབད་དོ་ཡོད་རུང་ དེ་ཚུ་འབད་ནིའི་དོན་ལུ་ གཞུང་གི་ཏི་རུ་ལུ་ བརྟེན་དགོཔ་ལས་ ཁས་བླངས་ཚུ་ འོས་ལྡན་ཅིག་ མི་མཐོང་པས་ཟེར་ཨིན་པས།

སྐྱེས་ལོ་༥༠ ལང་མི་ བྱེད་ནག་ལས་ཨིན་མི་ རྡོ་རྗེ་གིས་བཤད་མིའི་ནང་ ཚོགས་རྒྱན་བཙུགས་ཏེ་ གདམ་ཁ་རྐྱབ་ནི་དེ་ གལ་ཆེ་རུང་ འདེམས་ངོ་དེ་གིས་ འདེམས་ཁོངས་ག་ལུ་ ཁེ་ཕན་མངམ་འབྱུང་ཚུགས་ག་ སླབ་མི་ཤེས་པས་ཟེར་ཨིནམ་ད་ མི་ཚུ་གིས་ དྲག་པས་ཟེར་སླབ་སྟེ་འབད་རུང་ ཁོང་གི་མཐའ་དོན་ལུ་རྐྱངམ་གཅིག་ ལཱ་འབད་ནི་ཡོདཔ་ལས་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།

རྡོ་རྗེ་གིས་ ཚོགས་པ་ག་གིས་ གཞུང་སྐྱོང་རུང་ མི་སྡེ་དང་ མི་སེར་གྱི་དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་དོན་ལུ་ ལཱ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྐྱེས་ལོ་༣༣ ལང་མི་ དགའ་སེང་ཚོ་གོངམ་རྒེད་འོག་གི་ འཕང་ཚོ་ལས་ཨིན་མི་གིས་ འགོ་ཐོག་བཙག་འཐུ་སྐབས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ཕམ་ཡོདཔ་ལས་ ཞག་གཉིས་དེ་ཅིག་ བཞེས་སྒོ་ཡང་ བཟའ་མ་ཚུགསཔ་ཐལ་སོ་ཡི་ཟེར་ཨིན་པས།

ང་གིས་ སྤྱི་ལོ་༢༠༠༨ ལས་ར་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ ཚོགས་པ་དེ་གིས་ གཞུང་སྐྱོང་ནིའི་ རེ་བ་སྡོད་ཅི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཚོགས་པ་དེ་གིས་ གཞུང་སྐྱོང་པའི་སྐབས་ གྲོང་གསེབ་མི་སེར་དོན་ལུ་ ལཱ་ལེ་ཤ་འབད་ཡོད་པའི་ཁར་ གསོ་བའི་བློན་པོ་བགྲེསཔ་གིས་ གཡུས་ཚན་དེ་ནང་ བསྒྱུར་བ་ལེ་ཤ་བཟོ་ཡི་ཟེར་ཨིན་པས།

ལོ་བསྟར་གྱི་ རྒེད་འོག་གནང་བྱིན་མ་དངུལ་ དངུལ་ཀྲམ་ས་ཡ་༢ དེ་གིས་ རྒེད་འོག་ནང་ གོང་འཕེལ་ལེ་ཤ་བཟོ་ཚུགས་ཡི་ཟེར་ཨིན་པས།

གསོ་བའི་བློན་པོ་བགྲེསཔ་གིས་ འདེམས་ཁོངས་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ཚོགས་པའི་ཞོར་ལས་ སྤྱིར་བཏང་བཙག་འཐུ་ནང་ ལྷོད་མ་ཚུགསཔ་ཨིན་རུང་ དམངས་གཙོའི་རིང་ལུགས་ནང་ དེ་སྦེ་ར་ འོང་ནི་ཨིན་པས།

ཡེ་ཤེས་ཀྱིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ གྲོང་གསེབ་ནང་སྡོད་མི་ཚུ་ལུ་ ལེགས་ཤོམ་འབད་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་ལུ་བལྟ་བ་ཅིན་ ཞི་གཡོགཔ་ཚུ་ལུ་ དེ་ཅིག་ མ་འབདཝ་འོང་ནི་ཨིནམ་ལས་ ཚོགས་པ་གིས་ འགྲེམ་ཐོག་ཚོགས་རྒྱན་ཉུང་ཤོས་ཐོབ་ནུག་ཟེར་ཨིན་པས།

ཨ་ཐང་ཐེད་མཚོ་འདེམས་ཁོངས་ནང་ ཚོགས་པ་དེ་གིས་ ཚོགས་རྒྱན་མཐོ་ཤོས་འཐོབ་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ཡང་ ཧ་ལམ་ འདྲན་འདྲ་སྦེ་ར་ ཐོབ་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པ་དེ་ སྤྱིར་བཏང་བཙག་འཐུ་ནང་མེདཔ་ལས་ ཡེ་ཤེས་དེ་ གཞུང་གསརཔ་གིས་ ཧེ་མའི་ ལཱ་འཕྲོ་ཚུ་ འབད་འོང་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོདཔ་ད་ དེ་ཡང་ ན་ཧིང་ རྒེད་འོག་གི་འཁོར་ལམ་དང་ བ་སོ་ཆུ་ལས་འགུལ་གྱིས་ གཡུས་ཚན་ཚུ་ འཐུང་ཆུ་མཐུད་སྦྲེལ་འབད་ནི་དེ་ཡང་ མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་མི་འདེམས་ངོ་ ཀུན་ལེགས་དབང་ཕྱུག་དང་ ཉིམ་རྒྱལ་མཚན་གཉིས་ཆ་ར་གིས་ ལཱ་འཕྲོ་ཚུ་ འཕྲོ་མཐུད་འབད་ནི་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།

འདེམས་ངོ་གཉིས་ཆ་ར་ལུ་ ཁ་སླབ་ནིའི་ལྕོགས་གྲུབ་ཡོད་རུང་ ཡེ་ཤེས་ཀྱིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་དེ་ དགའ་སེང་ལོགས་ལུ་ ཡོངས་གྲགས་ཡོདཔ་བཟུམ་འདུག་ཟེར་ཨིནམ་ད་ ཨིན་རུང་ ག་གིས་རྒྱལ་འོང་ག་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།

སྐྱེས་ལོ་༥༤ ལང་མི་ དགའ་སེང་ཚོ་གོངམ་ལས་ཨིན་མི་ ནོར་བུ་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གསོ་བ་དང་ འབྲུག་ཕུན་སུམ་ཚོགས་པ་གིས་ རང་མགོ་རང་འདྲོངས་བཟོ་ཐབས་ལུ་ གཙོ་བོར་བཏོན་དོ་ཡོདཔ་ལས་ གཞུང་ག་གིས་སྐྱོང་རུང་ འབྲུག་མཉམ་རུབ་འོང་པ་ཅིན་ མི་དྲག་ག་ཟེར་ཨིན་པས།

སྐྱེས་ལོ་༥༣ ལང་མི་ བེན་ཁ་གིས་ བཤད་མིའི་ནང་ མོ་གིས་ མི་སེར་དམངས་གཙོ་ཚོགས་པ་གིས་ སྐྱོང་ནིའི་རེ་བ་རུང་ སྤྱིར་བཏང་བཙག་འཐུ་ནང་ ལྷོད་མ་ཚུགསཔ་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།

ནོར་བུ་གིས་ སླབ་མིའི་ནང་ འདེམས་ངོ་དེ་ གཡུས་ཅིག་ཁར་ཨིནམ་ལས་ ཤུལ་ལས་ དཀའ་ངལ་རེ་ཐོན་རུང་ འབྲེལ་འབད་བའི་སྐབས་ སྟབས་བདེ་ནི་མས་ཟེར་ཨིན་པས།

ང་བཅས་ལུ་ གསོ་བའི་བློན་པོ་བགྲེསཔ་ བཙག་འཐུ་འགྲུབ་པ་ཅིན་ དགའ་ནི་མས་ཟེར་ཨིནམ་ད་ ཁོ་གིས་ གཡུས་ཁར་ཕན་ཐོགས་ལེ་ཤ་བྱུང་ཡོད་པའི་ཁར་ ན་བའི་སྐབས་ལུ་ཡང་ ཁོ་ར་གིས་འོང་སྟེ་ བལྟ་ནི་ཡོད་ཟེར་ཨིན་པས།

འགོ་ཐོག་བཙག་འཐུ་གི་ གྲུབ་འབྲས་ལུ་བལྟ་བ་ཅིན་ ཡེ་ཤེས་ཀྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ འཐོབ་ནི་བཟུམ་ཡོད་རུང་ ཤར་ཕྱོགས་རྫོང་ཁག་ཚུ་དང་གཅིག་ཁར་ དོ་འགྲན་འབད་དགོཔ་ལས་ དོ་འགྲན་འབད་མི་ཚུགས་ནི་བཟུམ་འདུག་ཟེར་ཨིན་པས།

དུས་ཅི་གི་ལོ་ནང་ ལྷོ་མཚམས་ཁ་ཐུག་གི་ མི་ཚུ་གིས་ཡང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་མ་བཙུགས་པས་ཟེར་ཨིནམ་ད་ ཧཱ་དང་ དབང་འདུས་ཕོ་བྲང་གི་ མི་སེར་ཚུ་གིས་རྐྱངམ་གཅིག་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནུག་ཟེར་ཨིན་པས།

བེན་ཁ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ འགྲུལ་འཕྲིན་གྱི་ ཝི་ཅེཌ་ནང་ལས་ཕར་ བློ་དར་ཁྱབ་གཏང་དོ་ཡོདཔ་ལས་ ཚོགས་རྒྱན་བཙུགས་པར་འགྱོ་བའི་སྐབས་ ཚོགས་པ་ག་ལུ་ བཙུགས་ཡོདཔ་ཨིན་ན་ཡང་ ཤེས་དོ་འདྲས་ཟེར་བའི་ དོགས་པ་ཡང་ཆགསཔ་མས་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *