རང་གཤིས་མཁར་དགོན་པའི་ སོ་ནམ་ཞིང་ལམ།

རང་གཤིས་མཁར་དགོན་པའི་ སོ་ནམ་ཞིང་ལམ་ ཉམས་བཅོས་འབད་རན་ཡོདཔ།

༉ མི་ལོ་༥༧ དེ་ཅིག་ལང་མི་ རང་གཤིས་མཁར་དགོན་པའི་ཁ་ཐུག་ལུ་ཡོད་པའི་ སོ་ནམ་ཞིང་ལམ་དེ་ ཉམས་བཅོས་སྦོམ་ཅིག་མ་འབད་བར་ ལུས་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༡༩༦༢ ལུ་ ཌན་ཊག་གིས་ ཀི་ལོ་མི་ཊར་༨ བསལ་ཡོད་མི་དེ་ རྫོང་ཁག་དེ་ནང་ སོ་ནམ་ཞིང་ལམ་ འགོ་དང་པ་ཨིནམ་ད་ ལོ་༡༥ གི་ཤུལ་ལས་ ད་རུང་ ཀི་ལོ་མི་ཊར་༥ འབད་མི་ ཞིང་ལམ་དེ་ དགོན་པའི་དོན་ལུ་ སྒེར་གྱིས་ བསལ་ཡོདཔ་ཨིན་པས།
རང་གཤིས་མཁར་-སེར་མདངས་ཀྱི་ སྤྱི་འོག་ཚོགས་པ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཉམས་བཅོས་ལེགས་ཤོམ་ཅིག་ མ་འབད་མི་ལུ་བརྟེན་ གནམ་བྱཱར་གྱི་དུས་ཚོད་ལུ་ གནས་སྟངས་དེ་ སྐྱོ་དྲགས་འགྱོཝ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༠༦ ཚུན་ ཞིང་ལམ་དེ་ ཌན་ཊག་ལས་འགུལ་གྱི་ འོག་ལུ་ཨིནམ་ད་ སྤྱི་ལོ་༢༠༠༧ ལས་ བཀྲིས་སྒང་རྫོང་བདག་ མི་འགྱུར་རྡོ་རྗེ་གིས་ ཞིང་ལམ་དེ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ ཞིང་ལམ་དེ་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་པའི་ཤུལ་ལུ་ ལས་ཁུངས་ཀྱི་ཁ་ཐུག་ལས་ ལས་མི་༦ འབད་མི་ཅིག་གིས་ ཉིན་བསྟར་བཞིན་དུ་ ཉམས་བཅོས་འབད་རུང་ འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་ལུ་ ཞིང་ལམ་དེ་ རྩི་ནག་གཏང་ནི་དང་ ཡང་ན་ རྡོ་ཆུང་ཞིབ་དགོ་པའི་ ཞུ་བ་འབད་རུང་ ད་ལྟོ་ཚུན་ ངོས་ལེན་མ་འབད་ཟེར་ཨིན་པས།
ཚོགས་པ་གིས་ སླབ་མིའི་ནང་ འདས་པའི་གཞུང་༢ ཀྱིས་ རྩི་ནག་གཏང་ནིའི་ ཁས་ལེན་འབད་ཡི་ཟེར་ཨིནམ་ད་ ད་རེས་ཀྱི་ གཞུང་གིས་ཡང་ ཁས་ལེན་འབད་ཡོདཔ་བཞིན་དུ་ གཞུང་གསརཔ་གིས་ རྩི་ནག་གཏང་གནང་བའི་རེ་བ་ཡོད་ཟེར་ཨིན་པས།
ས་གནས་ནང་ལས་ སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རང་གཤིས་མཁར་རིན་པོ་ཆེ་ དགོན་པ་ལུ་བཞུགས་དོ་ཡོདཔ་ལས་ ཁོ་དང་ པཱམ་དང་རང་གཤིས་མཁར་ལས་ མི་དག་པ་ཅིག་གིས་ དགོན་པ་ཚུན་ ལམ་ཀི་ལོ་མི་ཊར་༥ ཐེབས་ བསལ་ཡི་ཟེར་ཨིན་པས།
སྐྱེས་ལོ་༧༠ ལང་མི་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་འཁོད་དང་ ཕྱི་ཁའི་ལྟ་བཤལཔ་ཚུ་ རིན་པོ་ཆེ་མཇལ་བར་འོང་དོ་ཡོདཔ་ལས་ ལམ་གྱི་གནས་སྟངས་ལེགས་ཤོམ་མེད་མི་དེ་གིས་ ཤུལ་ལས་ ལོག་འོང་ནིའི་སེམས་ཤུགས་ ཉམས་བཅུགཔ་མས་ཟེར་ཨིནམ་ད་ རིན་པོ་ཆེ་མཇལ་ནིའི་ བློ་འོདད་ཡོད་པའི་ནདཔ་ཚུ་ སྣུམ་འཁོར་ཆུང་ཀུ་ འགྲོ་འགྲུལ་འབད་མ་བཏུབ་ལས་ མི་གིས་འབག་སྟེ་ བསྐྱལ་དགོ་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་གཞུང་གི་ བློན་པོ་དང་ སྲིད་དོན་ཚོགས་པའི་འཐུས་མི་ཚུ་ལུ་ ལམ་ཉམས་བཅོས་འབད་ནིའི་ ཞུ་བ་ཕུལ་ཡོད་རུང་ ལམ་གྱི་གནས་སྟངས་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིནམ་ད་ སྲིད་དོན་ཚོགས་པ་ཚུ་གིས་ ཧེ་མ་ ཁས་ལེན་འབད་རུང་ འདས་པའི་ལོ་༡༠ ནང་ ག་ནི་ཡང་འབད་མ་བཏུབ་ཟེར་ཨིན་པས།
དེ་བཟུམ་སྦེ་ སངྱས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལས་ སྲིད་དོན་ཚོགས་པ་ཚུ་གིས་ ལམ་རྩི་ནག་གཏང་ནིའི་ ཁས་བླངས་འབད་ཡི་ཟེར་ཨིནམ་ད་ ད་ལྟོའི་གཞུང་གསརཔ་གིས་ཡང་ ཁས་བླངས་ལྟར་དུ་ ག་དེ་སྦེ་ འབད་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིནམ་ད་ འདས་པའི་གཞུང་༢ ཀྱིས་ ཁས་བླངས་འགྲུབ་ནི་ལུ་ འཐུས་ཤོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་དེ་ རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་ རྙིང་ཤོས་ཅིག་འབདཝ་ལས་ རྩི་ནག་གཏང་ནིའི་ འོས་འབབ་ཡོདཔ་མ་ཚད་ རང་གཤིས་མཁར་ལུ་ ལྟ་སྐོར་ནང་ མི་ལེ་ཤ་འོང་དོ་ཡོདཔ་ལས་ རྩི་ནག་གཏང་པ་ཅིན་ ས་གནས་ཀྱི་མི་ཚུ་དང་ ལྟ་སྐོར་འབད་མི་ ག་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ རྩི་ནག་གཏང་ནིའི་དོན་ལུ་ བརྟག་ཞིབ་ཅིག་འགོ་འདྲེན་འཐབ་ཡོད་རུང་ འཆར་དངུལ་ལངམ་སྦེ་ མེད་མི་ལུ་བརྟེན་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིནམ་ད་ ལམ་རྩི་ནག་གཏང་ནི་དེ་ ཟད་འགྲོ་སྦོམ་གནས་དོ་ཡོད་པ་ཅིན་ རྡོ་ཆུང་ཞིབ་རུང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ འཕྱད་མ་ཚུགསཔ་ཨིན་པས།
པཱམ་གྱི་ ལམ་རྒྱ་གྲམ་ལས་ རང་གཤིས་མཁར་ཚུན་ཚོད་ ཀི་ལོ་མི་ཊར་༡༣ ཡོད་མི་དེ་ནང་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ལས་ ལམ་དེ་རྩི་ནག་གཏང་པའི་ཤུལ་ འགྲོ་འགྲུལ་གྱི་དུས་ཡུན་ ཆུ་ཚོད་༡ དེ་ཅིག་ མར་ཕབ་འབད་ཚུགས་ནི་ཨིན་པས།
བཀྲིས་སྒང་ལས་ དགོན་པ་ཚུན་ ལམ་ཀི་ལོ་མི་ཊར་༡༨ ཡོད་མིའི་ནང་ སྣུམ་འཁོར་བོ་ལེ་རོ་ཚུ་ གླ་ཁར་ལེན་པའི་སྐབས་ གླ་ཆ་དངུལ་ཀྲམ་༡༠༠༠ གནས་དོ་ཡོད་མི་དེ་ ཧེ་མ་འབད་བ་ཅིན་ གླ་ཆ་དངུལ་ཀྲམ་༨༠༠ ཨིན་ཟེར་ རྡོ་རྗེ་དབང་ཕྱུག་གིས བཤད་ཡོདཔ་ཨིན་པས།
རང་གཤིས་མཁར་ལུ་ འགྲོ་འགྲུལ་འབད་མི་ གླ་འཁོར་གངམ་མེདཔ་ལས་ སྣུམ་འཁོར་གཞན་ཚུ་ གླ་ཁར་ལེན་དོ་ཡོདཔ་ད་ སྤྱི་འོག་དེ་ནང་ ཁྱིམ་གུང་པ་༧༥ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *