སྤྱི་ཟླ་༡༠ པའི་སྔ་ཆ་ལས་ འབྱ་བརྔ་ནི་འགོ་བཙུགས་མི་དེ་ ཤུལ་མའི་ཟླཝ་ནང་མཇུག་ནི་ཨིན་པས།

ར་ལྡི་ལུ་ རི་དྭགས་སེམས་ཅན་ཚུ་གིས་ རེད་ཀྱི་ཐོན་སྐྱེད་ལུ་ བར་ཆད་རྐྱབ་དོ་ཡོདཔ།

༉ སྤྱིར་བཏང་ཤར་ཕྱོགས་རྫོང་ཁག་ནང་ འབྱ་གི་གཞོངམ་ཟེར་སླབ་དོ་ཡོད་མི་ བཀྲིས་སྒང་ར་ལྡི་གཡུས་ཚན་དེ་ སྔོ་ལྗང་སྦེ་ཡོད་ས་ལས་ ད་རེས་ནངས་པར་ སེརཔོ་ལུ་གྱུར་ཡོད་མི་དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ སོ་ནམ་པའི་སྡེ་ཚན་ཚུ་ ཨ་རིང་ནང་ ཆུ་ཤོག་ཚུ་འཐིང་སྟེ་ འབྱ་བསྡུ་མི་ལུ་བརྟེན་ཨིན་པས།
ད་རེས་ནངས་པར་ སྟོང་གླིང་གཡུས་ཚན་ནང་ལས་ སྐྱེས་ལོ་༥༠ ལང་མི་ བདེ་ཆེན་གྱིས་ རེད་བསྡུ་སྟེ་ ཞིང་ནང་ལས་མི་ཊར་༣༠༠ དེ་ཅིག་ལུ་ཡོད་པའི་ མོ་རའི་ཁྱིམ་ནང་ བསྐྱལ་བའི་བསྒང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ལོ་གཅིག་གི་རིང་ ལཱ་འབད་བའི་གྲུབ་འབྲས་ཐོནམ་བཞིན་དུ་ དུས་ཅི་ ཐོན་སྐྱེད་ཐད་ཁར་ འདས་པའི་ལོ་ནང་བཟུམ་སྦེ་ འཐོན་ནིའི་རེ་བ་ཡོད་རུང་ རི་ཕག་དང་ སྤྱ་ དེ་ལས་ བྱི་ཐུར་ཚུ་གིས་ དུས་རྒྱུན་དུ་ ཞིང་ནང་འཛུལ་མི་ལུ་བརྟེན་ ག་དེ་སྦེ་འཐོན་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
འདས་པའི་ལོ་ནང་ བདེ་ཆེན་གྱིས་ ཆུམ་ཀེ་ཇི་༡༢༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ ཐོན་སྐྱེད་ལེགས་ཤོམ་ཡོད་མི་དེ་ དུས་ཚོད་ཁར་ ཆར་ཆུ་འབབ་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དུས་ཅི་ཡང་ ཅོག་འཐདཔ་སྦེ་ར་ འོང་བའི་རེ་བ་བསྐྱེད་དོ་ཡོད་རུང་ ཆུ་གཡུར་ལེགས་ཤོམ་མེད་མི་དང་ རི་དྭགས་སེམས་ཅན་ཚུ་ལུ་བརྟེན་ ཐོན་སྐྱེད་ལུ་གནོད་ནི་བཟུམ་ཅིག་ ཡོད་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༥༥ ལང་མི་སོ་ནམ་པ་ ཤེས་རབ་བཟང་མོ་གིས་ སླབ་མིའི་ནང་ ཉིན་མ་རྩ་འགེངས་ཏེ་ ལཱ་འབད་བའི་གྲུབ་འབྲས་ཚུ་ ཕྱི་རུ་རི་ཕག་ཚུ་གིས་ མེདཔ་བཏང་དོ་ཡོདཔ་ལས་ ལཱ་འབད་ནི་ལུ་སྤྲོ་བ་ཞེན་དོ་ཡོད་རུང་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ ཐབས་རང་མེད་པར་ ལཱ་འབད་དགོ་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གཡུས་མི་ལེ་ཤ་ཅིག་གིས་ གློག་ཐག་ར་བ་གི་ མཐུན་རྐྱེན་ཐོབ་མི་ལུ་བརྟེན་ ཕན་ཐོགས་བྱུང་ཡོདཔ་ལས་ ང་བཅས་ལུ་ཡང་ འཕྲལ་མགྱོགས་ར་ དེ་བཟུམ་མའི་ཞབས་ཏོག་ འཐོབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟ་རྟོག་པ་ པདྨ་དབང་ཆེན་གྱིས་ སླབ་མིའི་ནང་ རྒེད་འོག་ནང་ རི་དྭགས་ཀྱིས་ ལོ་ཐོག་ལུ་ གནོད་པ་བཀལ་མིའི་གྱངས་ཁ་ ཡར་སེང་འགྱོཝ་བཞིན་དུ་ དུས་ཅི་ གློག་ཐག་ར་བ་ཀི་ལོ་མི་ཊར་༡༣ དེ་ཅིག་ མཇུག་བསྡུ་ཡོད་རུང་ ཤུལ་མའི་ལོ་ནང་ ར་བ་རྐྱབ་ནིའི་ལཱ་མཇུག་བསྡུ་བའི་ཤུལ་ལས་ ཐོན་སྐྱེད་ཚུ་ ཡར་དྲག་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ཡང་ ན་ཧིང་བཟུམ་སྦེ་ གྲུབ་འབྲས་ཅོག་འཐདཔ་སྦེ་ར་ འཐོན་འོང་མནོ་བའི་རེ་བ་བསྐྱེད་མི་དེ་ཡང་ དུས་ཚོད་ཁར་ཆརཔ་རྐྱབ་ནི་དེ་གིས་ འབྱ་ལཱ་ཚུ་དུས་ཚོད་ཁར་ འབད་ཚུགས་ནི་དེ་གིས་ཨིན་ཟེར་ཨིན་པས།
རྫོང་ཁག་སོ་ནམ་སྡེ་ཚན་གྱི་ གནད་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་ལོ་ནང་ ར་ལྡི་ལུ་ ཆུ་ཞིང་ཨེ་ཀར་༡༢༣༦.༡༦ ནང་ ཆུམ་མེ་ཊིག་ཊཱོན་༢༥༥༣.༥༩ ཐོན་སྐྱེད་འབད་མི་དེ་ ཆུ་ཞིང་ཨེ་ཀར་རེ་ནང་ ཆུམ་ཀེ་ཇི་༢༠༦༥.༧༥ ཐོན་སྐྱེད་འབད་བའི་རྩིས་ཨིན་པས།
དེ་ལས་ ར་ལྡི་དེ་ ཤར་ཕྱོགས་རྫོང་ཁག་ནང་ ཆུམ་རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་མིའི་ གཡུས་ཚན་ཅིག་ཨིན་པའི་ ཡོངས་གྲགས་ཡོདཔ་མ་ཚད་ རེད་ལྷམ་མ་འདྲཝ་ཚུ་ ཐོན་སྐྱེད་འབད་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ རྒེད་འོག་གིས་ རེད་ལྷམ་༩ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *