༉ རྩི་རང་འགྲམ་ཕུག་ལུ་ ཉིམ་ཤར་ནི་མེད་པར་ བདུན་ཕྲག་ལང་བའི་ཤུལ་ལས་ ད་རེས་ ཉིམ་ཤར་མི་དེ་ ར་ཇུ་གུ་རུང་གི་དོན་ལུ་ རང་ལུགས་ཀྱི་མདའ་གཞུ་བཟོ་ནིའི་ དུས་ཚོད་ལེགས་ཤོམ་ཅིག་ཨིན་པས།
ཁོ་གིས་ མདེའུ་ཕད་ཙེ་གང་དང་ ལ་ཝང་ལེམཔི་ དངུལ་སྐུད་ཆགས་པ་ཅིག་ སྦྱར་ལེབ་དཀརཔོ་ཅིག་ ལག་པར་འབག་ཞིནམ་ལས་ འགྲམ་ཕུག་ནགས་ཚལ་གྱི་ བགེགས་སྲུང་སྒོ་རའི་ལྟག་ལུ་ ལམ་སེལ་ལས་ཁུངས་ཀྱི་ སྒར་ནང་ཡོད་པའི་ ཁོ་རའི་ཁྱིམ་གྱི་ཕྱི་ཁར་ ས་ཁར་སྡོད་ཞིནམ་ལས་ མདའ་གཞུ་བཟོཝ་ཨིན་པས།
ཁོ་གིས་ དུས་ཡུན་ཆུ་ཚོད་༡ ནང་ མདའ་ཆ་གཅིག་དང་ གཞུ་གཅིག་བཟོ་ཚར་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ མ་གཞི་ཁོ་གིས་ བཟོ་ལཱ་ཚུ་ མགྱོགས་པར་འབད་ཚུགས་རུང་ དུས་ཚོད་མི་འཐོབ་པས་ཟེར་ཨིན་པས།
ཁོ་རའི་ ལཱ་འགན་ངོ་མ་དེ་ ལམ་སེལ་ལས་ཁུངས་ཀྱི་ དེད་གཡོགཔ་ཨིནམ་ད་ བདུན་མཐའ་ལུ་ཡང་ སྒྲིག་གཡོག་རྒྱུག་དགོ་དོ་ཡོདཔ་ད་ ཟླཝ་༡ ནང་ ཁོ་གིས་ ཉུང་ཤོས་མདའ་ཆ་༡༠ དེ་ཅིག་ བཟོ་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མདའ་བཟོ་ནི་ལུ་ དུས་ཡུན་མངམ་འགོརཝ་མས་ཟེར་ཨིནམ་ད་ གཞུ་འབད་བ་ཅིན་ མགྱོགས་པ་ར་ བཟོ་ཚུགསཔ་ཨིན་རུང་ ས་ཁར་སྡོད་དེ་ ལཱ་འབད་ནིའི་ དུས་ཚོད་མ་འཐོབ་ནི་དེ་གིས་ མདའ་རྩེདཔ་ཚུ་ལུ་ མདའ་གཞུ་བཟོ་བྱིན་ནིའི་ ཁས་བླངས་འབད་ནི་དེ་ཡང་ གཡང་ཟཝ་མས་ཟེར་ཨིན་པས།
དེ་མ་ཚད་ ཅ་ཆས་འཐོབ་ནི་ལུ་ཡང་ ལཱ་ཁག་ཡོདཔ་ད་ མདའ་བཟོ་ནིའི་མདེའུ་ཚུ་ དབང་འདུས་རྒྱ་ལ་དང་ ཐིམ་ཕུག་ཁྲོམ་ཁར་ལས་ འབག་འོང་དོ་ཡོདཔ་ཨིན་རུང་ རྒྱ་ལ་གཡུས་ཚན་ནང་ མདེའུ་འཛུགས་སྐྱོང་འབད་མི་ མི་སེར་སོ་ནམ་པ་ཚུ་ལས་ཉོཝ་ད་ གོང་ཚད་དུམ་གྲ་ཅིག་ ཁེ་བས་ཟེར་ཨིན་པས།
མདའ་གི་མདེའུ་ཚུ་ སྤུས་ཚད་དང་འཁྲིལ་ཏེ་ ཆ་རེ་ལུ་ གོང་ཚད་དངུལ་ཀྲམ་༨༠ ལས་༥༠༠ གི་བར་ན་ གནས་དོ་ཡོདཔ་ད་ གཞུ་གི་ཐད་ལུ་ སྤྱིར་བཏང་གི་སྤག་ཤིང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ སྤག་ཤིང་ཚུ་ རྩི་རང་སེམས་ལྗོངས་དང་ སྤ་ཚར་གླིང་ དེ་ལས་ བར་གཤོང་རྒེད་འོག་ཚུ་ནང་ལས་ ཉོ་འབག་འོང་དོ་ཡོདཔ་ཨིན་པས།
ར་ཇུ་གུ་རུང་དེ་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༤ ཟླ་༣ པའི་ནང་ ལྕང་གླིང་མི་ཐང་ལུ་ འགོ་འདྲེན་འཐབ་མི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་པའི་སྐབས་ ཉིནམ་༡ ནང་ བཀག་རེག་མཐོ་ཤོས་༡༣ ཕོག་པའི་ གནས་ཐོ་ཡོད་པའི་ཁར་ ད་རུང་ ཉིནམ་དེ་ནང་ར་ རྡོ་སྦྱེལ་༤ ཕོག་སྟེ་ རྡོ་སྦྱེལ་མཐོ་ཤོས་ཕོག་པའི་ གནས་ཐོ་ནང་ ཚུད་ཡོདཔ་ཨིན་པས།
ཁོ་གིས་ འགོ་དང་པ་ མདའ་རྐྱབ་ནི་དེ་ སྤྱི་ལོ་༢༠༠༥ ལུ་ མོང་སྒར་སེང་སྒོར་ལུ་ ལམ་སེལ་ལས་ཁུངས་ནང་ དེད་གཡོག་པའི་ལཱ་ འགོ་བཙུགས་པའི་སྐབས་ལུ་ འགོ་བཙུགས་ཡོདཔ་ད་ དེ་གི་ཤུལ་ལས་ ངལ་གསོ་ཚུ་ནང་ ཁོ་རའི་ཆ་རོགས་ཚུ་དང་གཅིག་ཁར་ སྤྲོ་སྟོན་དོན་ལུ་དང་ དུས་ཚོད་ཆུད་ཟད་མི་འགྱོ་ནི་ལུ་ རྐྱབ་ཡོདཔ་ཨིན་པས།
ཨ་ལོ་༢ ཡོད་མི་ ར་ཇུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལས་ མདའ་རྩེད་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ འགོ་ཐོག་གི་ རྩེད་འགྲན་ཁག་༢ ནང་ ཁོ་ར་འདྲོག་བྱེལ་འཐབ་སྟེ་ ལོ་༡ དེ་ཅིག་ མདའ་རྐྱབ་མ་ཚུགས་རུང་ རྩེད་འགྲན་ཐེངས་༤ པའི་སྐབས་ གནས་ཐོ་བཟོ་ཚུགས་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ ཁོ་གིས་ མདའ་རྩེད་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་པའི་སྐབས་ བར་ཆད་མི་འབྱུང་ནིའི་དོན་ལུ་ ཁོ་རའི་མདའ་གཞུ་དེ་ ཆ་རོགས་ཚུ་ལུ་ དཀྲོགས་མ་བཅུག་པར་བཞག་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་གི་དོན་ལུ་ མདའ་རྩེད་ཐང་ནང་ མདའ་དང་གཞུ་གིས་ བཀག་རེག་ཕོག་ནི་ལུ་ ཁྱད་པར་བཟོཝ་ཨིན་ཟེར་ཨིན་པས།
སློབ་རིམ་༦ པའི་ནང་ལྷོདཔ་ད་ སློབ་གྲྭ་ནང་ལས་འཐོན་སྡོད་མི་ ཇ་ག་ར་ཇུ་གིས་ ཟླ་རིམ་བཞིན་དུ་ མདའ་དང་གཞུ་བཟོ་སྟེ་ འོང་འབབ་དངུལ་ཀྲམ་༨,༠༠༠ དེ་ཅིག་ བཟོ་དོ་ཡོདཔ་ད་ ཁོ་གིས་ སླབ་མི་དང་འཁྲིལཝ་ད་ དུས་རྒྱུན་དུ་ བཟོ་ནིའི་དུས་ཚོད་ཐོབ་པ་ཅིན་ ཟླཝ་གཅིག་ནང་ འོང་འབབ་དངུལ་ཀྲམ་༤༠,༠༠༠ དེ་ཅིག་ བཟོ་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།