༉ བཀྲིས་སྒང་ ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་དགོན་སྡེ་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ བདུད་འདུལ་གྲོ་ལོད་ཀྱི་ སྒྲུབ་ཆེན་དེ་ ད་རེས་ མི་མང་ལུ་ དངོས་གྲུབ་བླངས་དབང་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པས།
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ སྒྲུབ་ཆེན་དེ་ ཡོན་ཕུ་ལ་རིན་པོ་ཆེ་གིས་ དབུ་བཞུགས་ཐོག་ལས་ མཚམས་པ་དང་ བཤད་གྲྭའི་དགེ་སློང་བརྒྱ་ལྷགཔ་ཅིག་གིས་ གནང་དོ་ཡོདཔ་ད་ སྒྲུབ་ཆེན་དེ་ རང་ཟླ་༦ པའི་ཚེས་༨ ལས་འགོ་བཙུགས་ནུག།
རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཆེན་དེ་ དམིགས་བསལ་དུ་ རྒྱལ་ཁབ་ཀྱི་སྐུ་རིམ་སྦེ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༡༩༨༧ ཟླ་༥ པའི་ཚེས་༦ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ གཏན་རྩ་མ་དངུལ་དེ་ཡང་ མི་དབང་མཆོག་གིས་གནང་ཡོདཔ་ད་ སྒྲུབ་ཆེན་དེ་ ཉིནམ་༧ གྱི་རིང་ གནང་དོ་ཡོདཔ་ཨིན་པས།
གྲོ་ལོད་ཀྱི་སྒྲུབ་ཆེན་དེ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གིས་ སྤ་རོ་སྟག་ཚང་ལས་ དགོངས་གཏེར་བཞེས་མི་དེ་ཨིནམ་ད་ སྒྲུབ་ཆེན་དེ་ ཤར་ཕྱོགས་རྫོང་ཁག་ནང་འབད་བ་ཅིན་ ཡོན་ཕུ་ལ་ ཨྱོན་མདོ་སྔགས་ཆོས་འཁོར་གླིང་དགོན་སྡེ་དང་ རང་བྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་མ་གཏོགས་ གཞན་ཁར་གནང་ནི་མེདཔ་ཨིན་པས།
རྡོ་རྗེ་གྲོ་ལོད་ཀྱི་ དགོངས་གཏེར་དེ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་ གཏེར་ཆོས་༤ གི་གྲས་ལས་གཅིག་ཨིནམ་ད་ གཞན་ཚུ་ ཚོགས་ཀྱི་ཐུགས་ཐིག་ ཕུར་པ་སྤུ་གྲི་རེ་ཕུང་ དེ་ལས་ མཁའ་འགྲོ་ཐུགས་ཐིག་ཨིན་པས།
སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་གིས་ གྲོ་ལོད་ཀྱི་གཏེར་ཆོས་དེ་ སྤྱི་ལོ་༡༩༡༧ ལུ་བཞེས་ཡོདཔ་ད་ དེ་ལུ་ཡང་ ལྷམ་པ་གཉིས་ཡོད་ས་ལས་ གཅིག་ བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་དང་ གཞན་དེ་ རྡོ་རྗེ་གྲོ་ལོད་ཁྲོ་བོ་ཨིན་པས།
རྒྱལ་རབས་དང་འཁྲིལ་བ་ཅིན་ གུ་རུ་རྡོ་རྗེ་གྲོ་ལོད་དེ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ དུས་རབས་༨ ་པའི་ནང་ སྤ་རོ་སྟག་ཚང་ལུ་ ཁྲོ་བོའི་རྣམ་པ་སྦེ་ བཞེས་མི་དེ་ཨིནམ་ད་ གྲོ་ལོད་དེ་ གུ་རུ་མཚན་བརྒྱད་ཀྱི་ གྲས་ལས་གཅིག་ཨིན་པས།
དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་ ཡི་དམ་ཕུར་པའི་ཐུགས་སྒྲུབ་གནང་པའི་སྐབས་ གྲུབ་རྟགས་ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ སྐུར་བཞེངས་པའི་སྐབས་ མོན་མོ་བཀྲིས་ཁྱིའུ་སྒྲོན་གྱི་ཆིབས་ སྟག་མོ་ལུ་སྤྲུལ་པའི་ལོ་རྒྱུས་ཡོདཔ་ད་ མོན་མོ་བཀྲིས་ཁྱིའུ་སྒྲོན་དེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཀྱི་ ཕྱག་ཞུ་མི་ཅིག་ཨིན་པས།
བཀྲིས་ཁྱིའུ་སྒྲོན་དེ་ མོན་ཡུལ་གྱི་རྒྱལ་པོ་ ཧམ་རེ་གི་ སྲས་མོ་ཨིནམ་ད་ མོ་རང་ ཆུང་ཀུའི་བསྒང་ལས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལུ་ དད་པ་ཡོདཔ་ལས་ ལྷོ་བྲག་ལུ་བྱོན་ཏེ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལས་ ཆོས་དང་མན་ངག་ཚུ་ཞུ་ཡོདཔ་ད་ ཤུལ་ལས་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ཀུར་སྟོད་སེངྒེ་རྫོང་ལུ་ ཐུགས་དམ་ནང་བཞུགས་པའི་སྐབས་ ཕྱག་ཞུ་སྟེ་བྱོན་པའི་ ལོ་རྒྱུས་འདུག།
ཡོན་ཕུ་ལ་ལུ་ གྲོ་ལོད་ཀྱི་སྒྲུབ་ཆེན་འབདཝ་ད་ ལོ་བསྟར་བཞིན་དུ་ སྒྲུབ་ཆེན་མ་འདྲཝ་༤ གནང་སྲོལ་ཡོདཔ་ད་ གཞན་མི་ཚུ་ ཚེ་སྒྲུབ་འཆི་མེད་སྲོག་ཐིག་དང་ ཕུར་པ་གནམ་ལྕགས་སྤུ་གྲི་ དེ་ལས་ ཀརྨ་སྒྲུབ་ཆེན་ཨིན་པས།
ཡོན་ཕུ་ལ་རིན་པོ་ཆེ་མཆོག་གིས་ གསུངས་མིའི་ནང་ གྲོ་ལོད་སྒྲུབ་ཆེན་དེ་ དམིགས་བསལ་ལུ་ རྒྱལ་ཁབ་ཀྱི་ སྐུ་རིམ་ཅིག་ཨིནམ་ལས་ དེ་བསྒང་ མཚམས་པ་དང་སྒོམ་ཆེན་ཡོད་རིགས་ འཛོམས་ཐོག་ལས་ གནང་དོ་ཟེར་ཨིནམ་མ་ཚད་ སྒྲུབ་ཆེན་དེ་ འགོ་བཙུགས་པའི་ནམ་དུས་ལས་ ད་ཚུན་ རྒྱུན་མ་ཆད་པར་ གནང་དོ་ཟེར་ཨིན་པས།
དེ་ཡང་ གུ་རུ་རྡོ་རྗེ་གྲོ་ལོད་ལུ་ བདུད་དང་དམ་སྲིད་ རྒྱལ་གོང་ ཕུར་སྲི་ མུ་གེ་ལ་སོགས་པ་ཚུ་ འཇོམས་ཚུགས་པའི་ནུས་པ་ཡོདཔ་ལས་ གྲོ་ལོད་ཀྱི་སྒྲུབ་ཆེན་ལུ་ བྱིན་རླབས་སྦོམ་ཡོད་ཟེར་ རིན་པོ་ཆེ་གིས་ གསུངས་ཡོདཔ་ཨིན་པའི་ གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།