༉ བཀྲིས་སྒང་ཡོན་ཕུ་ལ་ལུ་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་སྲོལ་ཡོད་མི་ མཁོ་ལོང་ཚེས་བཅུ་དེ་ འགོ་བཙུགས་ཏེ་ཡོདཔ་ད་ ཚང་ལ་ཁ་སྐད་ནང་ མཁོ་ལོང་ཟེར་མི་དེ་ འཐབ་འཛིང་ལུ་ སླབ་མི་ལུ་བརྟེན་ ཚེས་བཅུའི་མིང་དང་ ཤར་ཕྱོགས་རྫོང་ཁག་ནང་ ཚེས་བཅུ་རྙིང་ཤོས་ཅིག་འབདཝ་ལས་ ཡོངས་གྲགས་ཅན་ཅིག་ཨིན་པས།
ཧེ་མ་འབད་བ་ཅིན་ ཚེས་བཅུ་དེ་ ཡོན་ཕུལ་ཨོ་རྒྱན་ཆོས་གླིང་ཟེར་ས་ལས་ འགོ་བཙུགས་མི་ལུ་བརྟེན་ ཡོན་ཕུ་ཚེས་བཅུ་ཟེར་ སླབ་སྲོལ་ཡོད་རུང་ ད་རེས་ནངས་པར་ མཁོ་ལོང་ཚེས་བཅུ་ཟེར་ དར་ཁྱབ་སོང་ནུག།
ཚེས་བཅུའི་མིང་དེ་ ཡོངས་གྲགས་སོང་མི་ལུ་བརྟེན་ མང་ཤོས་ཅིག་གིས་ར་ མིང་ངོ་མ་ཨིནམ་སྦེ་ མནོ་དོ་ཡོད་རུང་ མིང་དང་ ཚེས་བཅུའི་ འབྲེལ་གནད་ག་ནི་ཡང་མེད་ཟེར་ བཀང་ལུང་གི་རྒཔོ་བགྲེསཔ་ ཨོ་རྒྱན་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༦༣ ལང་མི་ ངག་དབང་བསམ་གྲུབ་ཀྱིས་ སླབ་མིའི་ནང་ ཁོ་ར་ན་ཆུང་སྦེ་ སྡོད་པའི་སྐབས་ མཁོ་ལོང་ཚེས་བཅུ་ཟེར་ འགོ་དང་པ་ གོ་ཡོདཔ་བཞིན་དུ་ ཚེས་བཅུའི་མིང་ དེ་སྦེ་ཐོབ་མི་དེ་ཡང་ དེ་བསྒང་ ཚེས་བཅུ་སྐབས་ དམག་མི་དང་ ས་གནས་ཀྱི་ མི་ཚུ་གི་བར་ན་ འཐབ་འཛིང་བྱུང་པའི་ཤུལ་ལས་ ཐོབ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དམག་མི་དང་ ས་གནས་ཀྱི་མི་ཚུ་ ཆང་འགྲངས་ཤོ་ཏ་ཟེ་རྩེ་བའི་སྐབས་ ཁ་འཐབ་ཚིག་འཐབ་འབད་བའི་ཤུལ་ལུ་ འཐབ་འཛིང་བྱུང་ནུག་ཟེར་ཨིནམ་ད་ དེ་བསྒང་ ངག་དབང་བསམ་གྲུབ་དེ་ སྐྱེས་ལོ་༡༥ ལང་ཡོདཔ་ཨིན་པས།
ཚེས་བཅུ་དེ་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཤེས་མི་མེདཔ་ཨིན་རུང་ ཡོན་ཕུལ་ཨོ་རྒྱན་ཆོས་གླིང་ལྷ་ཁང་དེ་ དུས་ཅི་ མི་ལོ་༤༠༧ ལངམ་ཨིན་ཟེར་ ཨྱོན་རྡོ་རྗེ་གིས་ བཤད་པའི་ཁར་ ལྷ་ཁང་དང་ ཚེས་བཅུ་དེ་ ས་གནས་ལུ་ སྡོད་མི་ཚུ་གི་དོན་ལུ་ དགོས་དོན་སྦོམ་ཡོདཔ་ལས་ མཁོ་ལོང་ཚེས་བཅུ་ཟེར་ སླབ་མི་དེ་ མ་གུས་པའི་ སྨད་ཚིག་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།
རྒཔོ་བགྲེསཔ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཚེས་བཅུ་བརྩི་སྲུང་འབདཝ་ད་ མི་ཚུ་གིས་ འཐབ་འཛིང་རེ་ ངེས་པར་དུ་བྱུངམ་ཨིན་ཟེར་ ཡིད་ཆེས་བཀོད་མི་དེ་ མི་བདེན་ཟེར་ ག་དེ་དྲག་དྲག་ དོགས་སེལ་འབད་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ས་གནས་ལུ་སྡོད་མི་ མཁའ་འགྲོ་གིས་ སླབ་མིའི་ནང་ འདས་པའི་ཚེས་བཅུ་སྐབས་ ཆང་འགྲངས་ཐོག་ལས་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་དང་ བཟའ་གྲོགས་ཀྱི་བར་ན་ ཁ་ཤགས་རྐྱབ་ས་ མཐོང་ཡོདཔ་ཨིན་རུང་ དེ་ཚུ་ སྤྱིར་བཏང་གི་ བྱ་སྤྱོད་ལུ་བརྟེན་ བྱུང་དོ་ཡོདཔ་ལས་ ཚེས་བཅུ་ལུ་བརྟེན་ཨིནམ་སྦེ་ ཧད་འཕུལ་ནི་མི་འོང་ཟེར་ཨིན་པས།
ཚེས་བཅུ་དེ་ མིང་གནས་རྐྱངམ་གཅིག་ལུ་མེན་པར་ ས་གནས་གཞན་ཁར་ རྐྱབ་སྲོལ་མེད་པའི་ གཞན་དང་མ་འདྲཝ་ཡོད་མི་ གར་འཆམ་ཚུ་ལུ་བརྟེན་ ཡོངས་གྲགས་སོང་ཡོདཔ་ད་ འཆམ་ཚུ་གི་གྲས་ལས་ ཧོམ་འཆམ་ཟེར་ འཆམ་རྐྱབ་མི་༢ ཀྱིས་ དུར་བདག་གི་འབགཔ་བཙུགས་ཏེ་ སྒྱེན་མོ་སྦེ་ འཆམ་རྐྱབ་དོ་ཡོདཔ་མ་ཚད་ ཕག་གདོང་འཆམ་དང་ གསང་གླིང་ལྔ་འཆམ་ གཏེར་འཆམ་ལ་སོགས་པ་ཚུ་ རྐྱབ་དོ་ཡོདཔ་ཨིན་པས།
ས་གནས་དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ གསང་བདག་ལུ་ ཕུལ་བའི་ཤུལ་ལས་ ཁོ་གིས་ ཡོན་ཕུལ་ཨོ་རྒྱན་ཆོས་གླིང་ལྷ་ཁང་བཞེངས་ཏེ་ གར་འཆམ་ཚུ་ འགོ་བཙུགས་གནང་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།