ཡོན་ཕུ་ལ་ ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་ཞབས་ཏོག་མང་ཤོས་ར་ ཆ་མེད་བཏང་ཡོདཔ།

༉ ནང་འཁོད་གནམ་གྲུ་ཐང་༣ ཡོད་ས་ལས་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་ལུ་བརྟེན་ འཕུར་འགྲུལ་ཆ་མེད་བཏང་མི་མཐོ་ཤོས་དེ་ ཡོན་ཕུ་ལ་གནམ་ཐང་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༡༡ པའི་ཚེས་༡༡ ལས་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ དགེ་ལེགས་ཕུག་དང་ ཡོན་ཕུ་ལ་གནམ་ཐང་ནང་ འཕུར་འགྲུལ་འབད་ནི་ ལོག་འགོ་བཙུགས་པའི་ཤུལ་ལས་ མཁའ་འགྲུལ་དེ་གིས་ ད་ལྟོ་ཚུན་ འཕུར་འགྲུལ་ཐེངས་༡༨ ཆ་མེད་བཏང་ཡོདཔ་ཨིན་པས།
ཨིན་རུང་ ནང་འཁོད་འཕུར་འགྲུལ་ ལོག་འགོ་བཙུགས་པའི་ཤུལ་ལས་ ཡོན་ཕུ་ལ་གནམ་ཐང་ནང་ འཕུར་འགྲུལ་ཐེངས་༥༣ འབད་ཡོདཔ་ད་ དགེ་ལེགས་ཕུག་གནམ་ཐང་ནང་ འཕུར་འགྲུལ་ཐེངས་༢ ཆ་མེད་བཏང་མི་དེ་ཡང་ སྤྱི་ཟླ་༡༡ པ་དང་༡ པའི་ནང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་པས།
ཨིན་རུང་ གནམ་ཐང་དེ་ སྤྱི་ཟླ་༢ པ་ལས་ འཕུར་འགྲུལ་མེད་པར་བཞག་ཡོདཔ་ད་ བུམ་ཐང་ནང་འཁོད་གནམ་ཐང་ནང་འབད་བ་ཅིན་ འཕུར་འགྲུལ་ཐེངས་༥ ཆ་མེད་བཏང་ཡོདཔ་ཨིན་པས།
འཕུར་འགྲུལ་བརྟན་ཏོག་ཏོ་སྦེ་ འབད་མ་ཚུགས་ནི་དེ་གིས་ བཀྲིས་སྒང་གི་མི་ཚུ་ དབུགས་འགམ་བྱུང་དོ་ཡོད་པའི་ཁར་ གནམ་གཤིས་གནས་སྟངས་ལུ་བརྟེན་ གློ་བུར་དུ་ འཕུར་འགྲུལ་ཆ་མེད་བཏང་མི་ལུ་བརྟེན་ མི་ཚུ་གིས་ ཞབས་ཏོག་དེ་ལུ་ དང་འདོད་དེ་ཅིག་ར་ མི་བསྐྱེད་དོ་ཡོདཔ་ཨིན་པས།
རྫོང་ཁག་གི་ ཞི་གཡོགཔ་ཅིག་ཨིན་མི་ ཀརྨ་བཀྲིས་ཀྱིས་ བཤད་མིའི་ནང་ ཁོ་ར་ ཐིམ་ཕུག་ལུ་ གལ་ཆེ་བའི་ ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་དགོ་པའི་སྐོར་ལས་ བཀའ་རྒྱ་ལྷོདཔ་ད་ དུས་ཚོད་མེདཔ་ལས་ གནམ་གྲུའི་ཞབས་ཏོག་ལེན་ནིའི་ རེ་བ་བསྐྱེད་རུང་ ན་འཐན་ར་ འགྱོ་ནི་རནམ་ད་ འཕུར་འགྲུལ་ཆ་མེད་བཏང་ནི་དེ་གིས་ ཞལ་འཛོམས་ནང་ ལྷོད་མི་ཚུགས་པས་ཟེར་ཨིན་པས།
ལས་སྡེ་ཅིག་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ གནམ་གྲུའི་ཞབས་ཏོག་དེ་ བརྟན་ཏོག་ཏོ་མིན་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ གནམ་གྲུའི་ཞབས་ཏོག་དེ་ ཉེན་སྲུང་ཡོད་པའི་ཁར་ དུས་ཚོད་ཐུང་ཀུ་ཅིག་ནང་ འཕུར་འགྲུལ་འབད་ཚུགས་ནི་དེ་གིས་ གདམ་ཁ་རྐྱབ་དོ་ཡོད་རུང་ འཕུར་འགྲུལ་ཆ་མེད་བཏང་སྟེ་ར་བཞག་པ་ཅིན་ ཆ་བཞག་མི་ཚུགས་ནི་མས་ཟེར་ཨིན་པས།
ཟླཝ་འདི་གི་སྔ་ཆ་ལུ་ གནམ་གཤིས་གནས་སྟངས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ སྐྱེས་ལོ་༣༠ དེ་ཅིག་ལང་མི་ ཕོ་སྐྱེས་ཅིག་ཡང་ ཡོན་ཕུ་ལ་གནམ་ཐང་ གནམ་གཤིས་ལེགས་ཤོམ་མེད་མི་ལུ་བརྟེན་ བུམ་ཐང་ལུ་ ཐོགས་ལུས་ཡོདཔ་ད་ ཁོ་ར་ གཤག་བཅོས་འབད་ཚརཝ་ཅིག་འབད་ནི་དེ་གིས་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་ནི་ལུ་ དཀའ་ངལ་ཡོདཔ་ལས་ གནམ་གྲུ་ནང་ འོང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ ཁོ་རའི་ཡིག་ཚང་ནང་ ལཱ་ཁག་ཆེཝ་ཡོད་ནི་དེ་གིས་ ཉིནམ་དེ་ལུ་ར་ བུམ་ཐང་ལས་ བཀྲིས་སྒང་ཚུན་ གླ་འཁོར་ནང་འོང་དགོཔ་ཐོན་ཡོདཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ ནང་འཁོད་འཕུར་འགྲུལ་འབད་མི་ འགྲུལ་པ་ཚུ་ལུ་ མཁའ་འགྲུལ་ལས་སྡེ་གིས་ ཞབས་ཏོག་ཚུ་ཡང་ ཚུལ་མཐུན་སྦེ་ བྱིན་ནི་མིན་འདུག་ཟེར་ཨིན་པས།
འཕུར་འགྲུལ་ཆ་མེད་འགྱོཝ་ད་ མཁའ་འགྲུལ་ལས་སྡེ་གིས་ འགྲོ་འགྲུལ་འབད་ནིའི་ ཐབས་ལམ་ཚུ་ བཏོན་ནི་མིན་འདུག་ཟེར་ཨིནམ་ད་ གནམ་གྲུ་ནང་ ལཱ་འབད་མི་ཚུ་གིས་འབད་རུང་ འགྲུལ་པ་ཚུ་ལུ་ བརྡ་དོན་ཚུ་ ཁ་གསལ་མ་སླབ་པར་ ཅ་ལ་ཚུ་ ལམ་ཕྱེད་ལུ་བཞག་སྟེ་འགྱོ་མི་དེ་ ཁྱད་རིག་གི་ཞབས་ཏོག་མེན་པས་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ ལས་བྱེདཔ་ཚུ་གིས་ བཤད་མིའི་ནང་ གཞུང་གི་བཀའ་རྒྱ་དང་འཁྲིལ་ ཡོན་ཕུ་ལ་གནམ་ཐང་གི་ འཕུར་འགྲུལ་དུས་ཚོད་ཡང་ ཧེ་མ་བཟུམ་སྦེ་ བཟོ་དགོཔ་ཡོད་ཟེར་ཨིནམ་ད་ ཡོན་ཕུ་ལ་དང་ དགེ་ལེགས་ཕུག་གི་འཕུར་འགྲུལ་ཚུ་ གནམ་གྲུ་ག་དེམ་ཅིག་ ཡོདཔ་ཨིན་ན་ཚུ་ལུ་ གཞི་བཞག་སྟེ་ འཕུར་འགྲུལ་དུས་ཚོད་བཟོ་དགོ་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ལས་ཡོད་མི་ འཕུར་འགྲུལ་དུས་ཚོད་ལུ་ ཐོ་མ་ཕོགཔ་སྦེ་ བཟོ་དགོ་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ འཕུར་འགྲུལ་ཆ་མེད་འགྱོ་བའི་ཤུལ་ལས་ དེ་གི་ནངས་པར་ འགྲུལ་པ་ཚུ་ གནམ་གྲུ་ནང་བཙུགས་བཏང་ནི་ཡོད་རུང་ ད་ལས་ཕར་ ཤུལ་མའི་ འཕུར་འགྲུལ་ཚེས་གྲངས་ཚུན་ བསྒུག་བཅུག་ནི་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནམ་གཤིས་ཀྱི་དཀའ་ངལ་ལུ་བརྟེན་ འཕུར་འགྲུལ་ཆ་མེད་འགྱོ་བའི་ཤུལ་ལས་ མི་ཚུ་ལུ་ཆ་རོགས་འབད་ནིའི་ རྩ་འགེངས་དོ་ཡོད་རུང་ ཧེ་མ་ལས་ དུས་ཚོད་བཟོ་ཡོད་མི་ འཕུར་འགྲུལ་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ འབད་ནི་ཡོད་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱིས་ ས་གནས་སོ་སོར་ འཕུར་འགྲུལ་འབད་ནིའི་དོན་ལུ་ གནམ་གྲུ་ཚུ་ ངོས་འཛིན་འབད་དེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ དཔེ་འབད་བ་ཅིན་ ཡོན་ཕུ་ལ་གི་ འཕུར་འགྲུལ་ཆ་མེད་འགྱོ་བ་ཅིན་ དེ་གི་ནངས་པར་ འཕུར་འགྲུལ་འབད་ནིའི་དོན་ལུ་ གནམ་གྲུ་ཡོད་མེད་ཚུ་ བལྟ་ནི་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་གནམ་ཐང་ནང་ འཕུར་འགྲུལ་འབད་ནིའི་གྱངས་ཁ་ མར་ཕབ་འབད་ཡོད་པའི་ཁར་ ཡོན་ཕུ་ལ་གི་དོན་ལུ་ཡང་ འཕུར་འགྲུལ་གྱི་གྱངས་ཁ་ མར་ཕབ་འབད་དེ་ སྤྱི་ཟླ་༣ པ་ལས་འགོ་བཙུགས་ བདུན་ཕྲག་རེ་ནང་ ཐེངས་གཉིས་རེ་ འཕུར་འགྲུལ་འབད་ནི་སྦེ་ བཟོ་ཡོདཔ་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ཡོན་ཕུ་ལ་ལུ་འབད་བ་ཅིན་ རེས་གཟའ་ལྷག་པ་དང་ པ་སངས་ལུ་ མང་ཤོས་ར་ བུམ་ཐང་བརྒྱུད་དེ་ འཕུར་འགྲུལ་འབད་དོ་ཡོདཔ་ད་ སྤྱི་ཟླ་༡ པ་ལས་༥ པ་ཚུན་ རླུང་མ་འཕུ་ནིའི་ གནས་སྟངས་ལུ་བརྟེན་ འཕུར་འགྲུལ་མང་ཤོས་ར་ སྤ་རོ་གནམ་ཐང་ལས་ ཉི་མའི་ཆུ་ཚོད་༡༢ དེ་ཅིག་ལས་ འཕུར་འགྲུལ་ཚུ་ འབད་ཚར་དགོ་ཟེར་ཨིནམ་ད་ ཉིན་ཕྱེད་ལས་ རླུང་མ་ཤུགས་སྦེ་ འཕུ་ནི་འགོ་བཙུགས་ནི་དེ་གིས་ སྟབས་མི་བདེ་བས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *