ཡོན་ཕུ་ལ་ ནང་འཁོད་གནམ་གྲུ་ཐང་།

ཡོན་ཕུ་ལ་ལུ་ འཕུར་འགྲུལ་འབད་མི་ ལམ་འགྲུལཔ་མང་སུ་ཐོན་དོ་ཡོདཔ།

༉ བཀྲིས་སྒང་ཡོན་ཕུ་ལའི་ ནང་འཁོད་གནམ་གྲུ་ཐང་དེ་ འཛམ་གླིང་ནང་ གདོང་ལེན་ཅན་གྱི་ གནམ་གྲུ་ཐང་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོད་རུང་ ད་རེས་ ལམ་འགྲུལཔ་ཚུ་ ཡར་འཕར་འགྱོ་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།འདས་པའི་ལོའི་ སྤྱི་ཟླ་༡༡ པ་ལས་འགོ་བཙུགས་ གནམ་གཤིས་གནས་སྟངས་ལུ་བརྟེན་ མཐའན་མཇུག་ཁར་ གནམ་གྲུ་འཕུར་འགྲུལ་ མང་རབས་ཅིག་ ཆ་མེད་གཏང་དགོཔ་ཐོན་མི་ལུ་བརྟེན་ ཞབས་ཏོག་སྤྱོད་མི་ཚུ་ དབུགས་འགམ་བྱུང་བའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ ན་ཧིང་སྤྱི་ཟླ་༡༡ པའི་ཚེས་༡༡ ལས་འགོ་བཙུགས་ གནམ་གྲུ་འཕུར་འགྲུལ་ཐེངས་༡༤༤ དེ་ཅིག་ འབད་ཡོད་མིའི་གྲས་ལས་༥༠ དེ་ཅིག་ གནས་གཤིས་གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ ཆ་མེད་གཏང་དགོཔ་ ཐོན་ཡོདཔ་ཨིན་པས།ཨིན་རུང་ གནམ་གཤིས་གནས་སྟངས་ཡར་དྲག་འགྱོ་མི་དང་འཁྲིལ་ འབྲུག་ཨེ་ཡར་གྱིས་ གནམ་བྱཱར་ལུ་ བདུན་ཕྲུག་༡ ནང་ གནམ་གྲུ་འཕུར་འགྲུལ་ཚར་༢ ལུ་ མར་ཕབ་འབད་མི་དེ་ ལོག་སྟེ་ར་ བདུན་ཕྲག་ནང་ ཚར་༣ འཕུར་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།ཡོན་ཕུ་ལའི་ འབྲུག་ཨེ་ཡར་གྱི་ ས་གནས་འཛིན་སྐྱོང་པ་ བསོད་ནམས་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༡༠ པའི་ བདུན་ཕྲག་མཇུག་དེ་ཅིག་ལས་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཚོད་བསྒྱུར་བཅོས་འབད་ཐོག་ལས་ འཕུར་འགྲུལ་ཚར་༣ འབད་ནི་ ལོག་འགོ་བཙུགས་ཅི་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ ཧེ་མའི་འཕུར་འགྲུལ་གྱི་ དུས་ཚོད་དེ་ འོས་འབབ་མེད་ནི་དེ་གིས་ འཛིན་སྐྱོང་དང་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་ཤུལ་ལས་ འཕུར་འགྲུལ་ལེ་ཤ་འབད་ནིའི་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།ཧེ་མ་འབད་བ་ཅིན་ ཡོན་ཕུ་ལའི་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཚོད་དེ་ ཆུ་ཚོད་༣ དང་སྐར་མ་༡༥ ཨིན་རུང་ ས་སྨུག་ལེ་ཤ་སྤུབས་དོ་ཡོད་པའི་ གདོང་ལེན་ཡོདཔ་ལས་ རེས་གཟའ་ལྷག་པ་དང་ ཟླ་བ་ལུ་ ཆུ་ཚོད་༡༡ དང་སྐར་མ་༤༥ ལུ་དང་ གཟའ་པ་སངས་ལུ་ ཆུ་ཚོད་༡༢ དང་སྐར་མ་༡༠ ལུ་ བཟོ་ཡོདཔ་ཨིན་པས།ཀོ་ཕུ་ཀུ་རྒྱལ་སྤྱི་ཚད་འཛིན་གྱི་ ལག་ལེན་འཛིན་སྐྱོང་པ་ སཱན་ཇོག་ བིཤ་ཝ་ཀརྨ་གིས་ སླབ་མིའི་ནང་ འཕུར་འགྲུལ་གྱི་ དུས་ཚོད་ལེགས་ཤོམ་མེད་མི་དེ་གིས་ ཁོང་མང་ཤོས་ཅིག་གིས་ ནང་འཁོད་གནམ་གྲུའི་ ཞབས་ཏོག་ལེན་ནི་ལུ་ སྤྲོ་བ་ཉམས་བཅུག་དོ་ཡོདཔ་བཞིན་དུ་ ད་རེས་ གནམ་གྲུ་འཕུར་འགྲུལ་གྱི་ དུས་ཚོད་བསྒྱུར་བཅོས་འབད་ནི་དེ་ ལེགས་ཤོམ་འདུག་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ཡང་ འཕུར་འགྲུལ་གྱི་དུས་ཚོད་དེ་ བསྒྱུར་བཅོས་མ་འབད་བར་བཞག་པ་ཅིན་ གནམ་གྲུ་འཕུར་འགྲུལ་ཆ་མེད་གཏང་དགོཔ་ མི་འཐོན་ཟེར་ཨིནམ་ད་ ད་རེས་ ཚོད་རྩིས་ལས་འབད་བ་ཅིན་ མི་༣༠ དེ་ཅིག་གིས་ ཞབས་ཏོག་སྤྱོད་དོ་ཡོདཔ་བཞིན་དུ་ དུས་ཚོད་བསྒྱུར་བཅོས་འབད་མི་དེ་གིས་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ལུ་ ཁེ་ཕན་བྱུང་སྟེ་ འདུག་ཟེར་ཨིན་པས།བཀང་ལུང་གི་ འབྲུག་ཨེ་ཡར་ཤོག་འཛིན་ལས་ཚབ་ལས་ བཀྲིས་སྟོབས་ལྡན་གྱིས་ སླབ་མིའི་ནང་ ད་རེས་ གནས་གཤིས་གནས་སྟངས་ཡར་དྲག་སོང་མི་དང་ འཕུར་འགྲུལ་གྱི་ དུས་ཚོད་བསྒྱུར་བཅོས་འབད་མི་ལུ་བསྟུན་ ད་རེས་ཀྱི་ཟླཝ་ནང་ ཤོག་འཛིན་མང་ཤོས་བཙོང་ཚུགས་པས་ཟེར་ཨིན་པས།མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ ཞུ་བ་འབད་མི་དང་འཁྲིལ་ ལས་ཚབ་ཀྱིས་ ཤུལ་མའི་ཟླཝ་ནང་ གནམ་གྲུའི་ལས་གཡོག་ལུ་ གནམ་གྲུ་འཕུར་འགྲུལ་ཁ་སྐོང་དགོ་པའི་སྐོར་ ཞུ་ཡིག་བཙུགས་ཡོདཔ་ད་ སློབ་ཕྲུག་ཚུ་གིས་ མཁོ་མངགས་འབད་མི་དང་བསྟུན་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ འབྲུག་ཨེ་ཡར་གྱིས་ ཡོན་ཕུ་ལ་ལུ་ གནམ་གྲུ་འཕུར་འགྲུལ་ཚར་༢ འབད་ནི་ཨིན་པས།བསོད་ནམས་རྒྱལ་མཚན་གྱིས་ སླབ་མིའི་ནང་ གནམ་གྲུ་འཕུར་འགྲུལ་ཁ་སྐོང་གི་ མཁོ་མངགས་འབད་མི་ཡོད་པ་ཅིན་ གནམ་གྲུ་ཡོད་མེད་དང་འཁྲིལ་ གྲ་སྒྲིག་འབད་འོང་ཟེར་ཨིནམ་ད་ ཨིན་རུང་ དེ་བཟུམ་མའི་ མཁོ་མངགས་དེ་ ལས་ཚབ་བརྒྱུད་དེ་ སྡེ་ཚན་ནང་སྦེ་ འབད་དགོ་ཟེར་ཨིན་པས།འབྲུག་ཨེ་ཡར་གྱི་ འགོ་དཔོན་དང་པ་ ཚེ་རིང་བསོད་ནམས་ཀྱིས་ སླབ་མིའི་ནང་ ཡོན་ཕུུ་ལའི་ ནང་འཁོད་གནམ་གྲུ་ཐང་དེ་ འཛམ་གླིང་ནང་ གནམ་གྲུ་ཆགས་ནིའི་དོན་ལུ་ གདོན་ལེན་ཡོད་མི་ གནམ་གྲུ་ཐང་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ གནམ་གྲུ་ཐང་༤ ཆ་རའི་ནང་ གནམ་གྲུ་ཆགས་པའི་སྐབས་ ལམ་སྟོན་འབད་མི་ ཅ་ཆས་མེདཔ་ལས་ ཁོང་གིས་ བལྟ་བའི་ཤུལ་ལས་ ཚོད་དཔག་འབད་ཐོག་ལས་ ཆགས་དོ་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ གནམ་བྱཱར་ལུ་ གནས་གཤིས་གནས་སྟངས་སྐྱོ་དྲགས་ལུ་བརྟེན་ གནམ་གྲུ་ཆགས་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ ལུང་གཤོང་ཚུ་ ཧིང་སངས་ས་སྦེ་སྡོད་རུང་ གནམ་གྲུའི་རྒྱུག་ལམ་ཁར་ ས་སྨུག་སྤུབས་སྡོད་དོ་ཡོད་མི་དེ་གིས་ ཆགས་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་མ་ཚད་ འཕྲལ་འཕྲལ་ར་ རྒྱུག་ལམ་ཁར་ རོ་ཁྱི་ཚུ་ འཁྱམས་སྡོད་མི་དེ་གིས་ འཕྲལ་ཁམས་ཅིག་ཁར་ གནམ་གྲུ་ཨེ་ཊི་ཨར་དེ་ མ་ཆགས་པའི་ཧེ་མར་ བསྐོར་ར་རྐྱབ་དགོཔ་ ཐོན་ཡོདཔ་ཨིན་པས།ཁོ་གིས་འབད་བ་ཅིན་ གནམ་གྲུའི་རྒྱུག་ལམ་ཁར་ རླུང་མ་ཤུགས་སྦེ་ འཕུ་དོ་ཡོད་མི་དེ་གིས་ གནམ་གྲུ་འཕུར་འགྲུལ་འབད་ནི་དང་ ཆགས་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ གནམ་གྲུ་ཐང་གཞན་མི་༣ ནང་ དེ་བཟུམ་མའི་ དཀའ་ངལ་ཚུ་ མི་ཐོན་དོ་ཡོདཔ་བཞིན་དུ་ ཡོན་ཕུ་ལའི་ གནམ་གྲུ་ཐང་ནང་ འཕུར་འགྲུལ་འབད་ནི་དང་ ཆགས་ནིའི་དོན་ལུ་ ས་གོ་༡ ལས་བརྒལ་ མེདཔ་ཨིན་པས།འབྲུག་ཨེ་ཡར་གྱི་ གནམ་གྲུ་ཨེ་ཊི་ཨར་གསརཔ་དེ་ སང་ཕོད་སྤྱི་ཟླ་༧ པའི་ནང་ ལྷོད་ནི་ཨིནམ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་གྲུ་གསརཔ་དེ་ དེང་སང་འཕྲུལ་རིག་གི་ཅ་ཆས་ཚུ་ འོང་སྲིད་ནི་ཨིནམ་ལས་ ཁེ་ཕན་འབྱུང་འོང་ཟེར་ཨིནམ་ད་ ལོ་༡༤ དང་ ཕྱེད་ཀ་ལང་མི་ ད་ལྟོའི་ འབྲུག་ཨེ་ཡར་གྱི་ ཨེ་ཊི་ཨར་༤༢-༥༠༠ འབད་མི་དེ་ འཕྲལ་ཁམས་ཅིག་ཁར་ འཕྲུལ་ཆས་ཀྱི་ དཀའ་ངལ་ལུ་བརྟེན་ འཕུར་འགྲུལ་འབད་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

།སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *