༉ རྒྱལ་ཁབ་ཀྱི་ སློབ་དཔོན་༡༤༣ གྱིས་ ཁ་ཙ་ གཙུག་ལག་གོང་མའི་ ཨིང་སྐད་ཤེས་ཡོན་སྦྱང་ནིའི་དོན་ལུ་ བཙག་འཐུའི་ཆོས་རྒྱུགས་ནང་ བཅའ་མར་གཏོགས་ཡོདཔ་ད་ བཀྲིས་སྒང་ བཀང་ལུང་རྒེད་འོག་ ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་ནང་སྦེ་ ཤེས་ཡོན་སྦྱང་ནི་ཨིན་པས།
ཁོང་༡༤༣ ལས་༦༠ གི་དོན་ལུ་ ཆོས་རྒྱུགས་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ འགོ་འདྲེན་འཐབ་ཡོདཔ་ད་ གཞན་ཚུ་ སྤ་རོ་ཤེས་རིག་སློབ་སྦྱོང་སྤེལ་ཁང་དང་ བསམ་རྩེ་སློབ་སྦྱོང་སྤེལ་ཁང་ དེ་ལས་ ཀྲོང་གསར་སྟག་རྩེ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ འགོ་འདྲེན་འཐབ་ནུག།
སློབ་དཔོན་བསྡོམས་༡༤༣ གྱིས་ ཆོས་རྒྱུགས་རྐྱབ་མི་ལས་༣༠ ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་ནང་ གཙུག་ལག་གོང་མའི་ ཨིང་སྐད་ཤེས་ཡོན་སྦྱང་ནིའི་ གོ་སྐབས་འཐོབ་ནི་ཨིནམ་ད་ ལས་རིམ་དེ་ དུས་ཅི་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ནི་ཨིན་པས།
གཙུག་ལག་གོང་མའི་ཤེས་ཡན་ འགོ་བཙུགས་ནིའི་དོན་ལུ་ ད་རེས་ ཡོན་ཕུ་ལ་ལུ་ སློབ་ཁང་དང་ སློབ་དཔོན་གྱི་ ཡིག་ཚང་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་མ་ཚད་ གཞི་རྟེན་མཁོ་ཆས་གཞན་ཚུ་ཡང་ གཞི་བཙུགས་འབད་ནི་ འགོ་བཙུགས་ནུག།
ད་ལྟོ་ སློབ་གྲྭ་དེ་ གསརཔ་འབད་ནི་དེ་གིས་ གནས་སྐབས་ཅིག་ སློབ་གྲྭ་གཞི་བཙུགས་ཀྱི་དོན་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ བཟོ་སྐྲུན་དང་ ཆོས་ཚན་བཟོ་ནི་ཚུ་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ཟླ་༧ པའི་ཚེས་༡༣ ལུ་ ཤེས་རིག་ལྷན་ཁག་གིས་ བཀོད་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལཝ་ད་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་ནིའི་དོན་ལུ་ འཆར་གཞི་ཨམ་ཅིག་ བརྩམ་དགོཔ་སྦེ་ཨིན་མི་དང་འཁྲིལ་ ད་རེས་ ཡོན་ཕུ་ལ་དང་ མོར་སྒར་རྒྱལ་པོའི་ཞིང་ དེ་ལས་ བཀྲིས་གཡང་རྩེ་ལུ་ མཐོ་རིམ་སློབ་གྲྭའི་ གཞི་བཙུགས་ཀྱི་ལཱ་ཚུ་ འགོ་བཙུགས་ནུག།
བཀོད་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་རུང་ ཡོན་ཕུ་ལ་ མཐོ་རིམ་སློབ་གྲྭའི་ གཞི་རྟེན་མཁོ་ཆས་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ རྒྱབ་སྐྱོར་འབད་དགོཔ་སྦེ་ ཨིན་པས།
ཤེས་རིག་བློན་པོ་ནོར་བུ་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ འགོ་བཙུགས་པའི་སྐབས་ ཤེས་རབ་རྩེ་གིས་ རྒྱབ་སྐྱོར་འབད་ནི་མ་གཏོགས་ ཡོན་ཕུ་ལ་མཐོ་རིམ་སློབ་གྲྭ་དེ་ རང་དབང་གི་ མཐོ་རིམ་སློབ་གྲྭ་ཅིག་ཨིནམ་ལས་ ཤེས་རབ་རྩེའི་ མངའ་འོག་ལུ་ མེན་ཟེར་ཨིན་པས།
ཡོན་ཕུ་ལ་ སློབ་གྲྭའི་དོན་ལུ་ ས་ཆ་ཨེ་ཀར་༧༣ ཡོད་ས་ལས་༥༣ དེ་ཅིག་ སློབ་གྲྭའི་མཐའ་འཁོར་ལུ་ བསྒྱུར་བཅོས་འབད་ནི་དང་ ཨེ་ཀར་༡༢ ལྷགཔ་ཅིག་ ད་ལྟོ་ཡོད་པའི་ སློབ་གྲྭའི་དོན་ལུ་བཞག་ནི་ དེ་ལས་ ཨེ་ཀར་༨ དེ་ཅིག་ནང་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ ཆགས་ནི་ཨིན་པས།
ཡོན་ཕུ་ལ་ལུ་ ཧེ་མ་ འབྲུག་གི་ བསྟན་སྲུང་དམག་སྡེ་ཡོད་མི་དེ་ སྤྱི་ལོ་༢༠༡༡ དང་༢༠༡༢ ལུ་ སྤོ་བཤུད་འབད་བའི་ཤུལ་ལས་ ད་ལྟོའི་བར་ན་ གཞི་རྟེན་མཁོ་ཆས་ཚུ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོད་མི་ལས་ ལ་ལོ་ཅིག་ མེདཔ་ཐལ་ཡོདཔ་ཨིན་པས།
ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ད་ལྟོ་ ཤེས་རབ་རྩེ་དང་ ཤེས་རིག་ལྷན་ཁག་ དེ་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ མཉམ་རུབ་ཐོག་ལས་ འཆར་གཞི་ཨམ་དང་འཁྲིལ་ ལཱ་འབད་དོ་ཟེར་ཨིནམ་ད་ གཞི་རྟེན་མཁོ་ཆས་ཚུ་ ལེགས་བཅོས་ཀྱི་དོན་ལུ་ འཆར་གཞི་༡༢ པའི་ནང་ མ་དངུལ་དགོ་པའི་ གྲོས་གཞི་ཚུ་ཡང་ བཙུགས་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།
Check Also
དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།
༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …