བཀྲིས་སྒང་ཡོན་ཕུ་ལ་ བརྒྱ་འཁོར་མཐོ་རིམ་སློབ་གྲྭའི་མཐོང་སྣང་།

ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་མི་འོང་ནི་ཨིནམ།

༉ ལོ་༡ གི་རྒྱབ་ལས་ བཀྲིས་སྒང་ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་སྦྱང་མི་ སློབ་ཕྲུག་ལངམ་སྦེ་ མི་འོང་ནི་བཟུམ་ཡོད་མི་ལུ་བརྟེན་ ད་རེས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་དེ་ གཞུང་ལས་ མཐོ་རིམ་སློབ་གྲྭ་ ག་དེ་སྦེ་ འཕྲོ་མཐུད་ལག་ལེན་འཐབ་ནི་ཨིན་ནའི་ བཀོད་རྒྱ་དང་ ཐབས་ཤེས་གཞན་བཏོན་ནིའི་ རེ་བ་བསྐྱེད་དེ་འདུག།

འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་ནང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་ དངོས་གྲུབ་རྡོ་རྗེ་གིས་ གཞུང་ལུ་ མཐོ་རིམ་སློབ་གྲྭ་དེ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ མཉམ་སྡེབ་འབད་ནི་ཨིན་ན་དང་ ཡང་ཅིན་ སོ་སོའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ནའི་ཐད་ཁར་ གཞུང་གིས་ བཀོད་རྒྱ་དང་ ལམ་སྟོན་གནང་དགོ་པའི་ ཞུ་བ་འབད་ཡི།

གལ་སྲིད་ ཤེས་རིག་ལྷན་ཁག་གིས་ སློབ་ཕྲུག་མ་གཏང་པ་ཅིན་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ འཕྲོ་མཐུད་ལག་ལེན་འཐབ་མི་ཚུགས་ནི་མས་ཟེར་ཨིན་པས།

ཤེས་རིག་ལྷན་ཁག་དང་འཁྲིལཝ་ད་ བསམ་རྩེ་མཐོ་རིམ་སློབ་གྲྭ་ནང་སྦེ་ ཨིང་སྐད་དང་ རྒྱལ་རབས་ཀྱི་ གཙུག་ལག་ཤེས་ཡོན་ དེ་ལས་ ཆ་ཚང་ཤེས་ཡོན་གཙུག་ལག་ཤེས་ཡོན་གྱི་ འགོ་འབྱེད་འབད་ཡོདཔ་མ་ཚད་ དུས་ཅི་ སློབ་གྲྭ་ཆུང་བའི་ སློབ་དཔོན་ཚུ་གི་དོན་ལུ་ཡང་ གཙུག་ལག་ཤེས་ཡོན་གྱི་ ལས་རིམ་ཡང་ གཞི་བཙུགས་འབད་ནུག།

དེ་འབདཝ་ལས་ ཤེས་རིག་ལྷན་ཁག་གིས་ གཡོག་ཐོག་སློབ་དཔོན་ཚུ་ ཨིང་སྐད་ཀྱི་ གཙུག་ལག་ཤེས་ཡོན་སྦྱང་པར་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ནང་མེན་པར་ བསམ་རྩེ་ལུ་ གཏང་ནི་ཨིན་པས།

ད་རེས་ནངས་པར་ མཐོ་རིམ་སློབ་གྲྭ་དེ་ ཤེས་རིག་ལྷན་ཁག་གིས་ གཡོག་ཐོག་ལུ་ཡོད་པའི་ སློབ་དཔོན་ཚུ་ ཨིང་སྐད་ཀྱི་ གཙུག་ལག་ཤེས་ཡོན་སྦྱང་ནིའི་དོན་ལུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས།

བར་མཚམས་བསྐྱར་ཞིབ་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ ག་ཅི་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ན་ བསྒུག་དགོཔ་སྦེ་ སླབ་ཡོདཔ་ད་ ལག་ལེན་འཐབ་ནིའི་དོན་ལུ་ འཆར་གཞི་བརྩམ་དགོཔ་འོང་ཟེར་ཨིན་པས།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ སྒོ་བསྡམ་ནིའི་དོན་ལུ་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལས་ ཡིག་ཚང་གི་ བཀའ་རྒྱ་ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།

གལ་སྲིད་ སློབ་ཕྲུག་མེད་པ་ཅིན་ གཞུང་གིས་ མཐོ་རིམ་སློབ་གྲྭའི་ས་ཁོངས་དེ་ ལག་ལེན་འཐབ་ནིའི་ཐབས་ལམ་གཞན་ འཚོལ་ཞིབ་འབད་དགོཔ་ད་ ད་རེས་ ཡིག་ཚང་བཀའ་རྒྱ་ ག་ནི་ཡང་མ་ལྷོདཔ་ལས་ དུས་རྒྱུན་གྱི་ ལས་འཆར་ཚུ་ འབད་དེ་ཡོད་ཟེར་ ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ རྒྱ་སྐྱེད་སློབ་གྲྭ་སྦེ་ ལག་ལེན་འཐབ་མི་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ མ་འོངས་པ་ལུ་ ག་ཅི་འབད་ནི་ཨིན་ན་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་གིས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ལུ་ འཆར་གཞི་གྱི་ གྲོས་འཆར་བཙུགས་ཏེ་ཡོད་ཨིན་པས།

ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ སློབ་གྲྭ་ནང་ མཐུན་རྐྱེན་མ་ལང་པའི་ དཀའ་ངལ་མེད་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭ་དེ་ སྤྱི་ལོ་༢༠༡༧ ལས་ གཞི་བཙུགས་འབད་བའི་ཤུལ་ལས་ གཡོག་ཐོག་ལུ་ཡོད་པའི་ སློབ་དཔོན་༧༦ གིས་ ཨིང་སྐད་ནང་ གཙུག་ལག་ཤེས་ཡོན་མཐར་འཁྱོལ་ནུག།

དེ་བཟུམ་སྦེ་ མཐོ་རིམ་སློབ་གྲྭ་ནང་ སློབ་ཁང་དང་ དཔེ་མཛོད་ཁང་ བརྡ་དོན་ དེ་ལས་ ཡོངས་འབྲེལ་ཝའི་ཕའི་ མཐུན་རྐྱེན་ཚུ་ ལངམ་སྦེ་ཡོད་པའི་ཁར་ ཉལ་ཁང་ནང་ ད་རུང་ སློབ་ཕྲུག་༢༠༠ དེ་ཅིག་ ཤོང་ཚུགས་པའི་ མཐུན་རྐྱེན་ཡོད་ཟེར་ཨིན་པས།

ད་རེས་ མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་ལས་འབྲེལ་སྒྲིག་འཛིན་གཅིག་བརྩིས་ཏེ་ གཙུག་ལག་ལེགས་སྦྱར་བ་མཁས་དབང་༣ དང་ ཤེས་ཡོན་གྱི་ རྒྱབ་སྐྱོར་ལས་བྱེདཔ་༩ ཡོདཔ་ད་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་གིས་ ཨིང་སྐད་ཀྱི་ གཙུག་ལག་ཤེས་ཡོན་རྐྱངམ་གཅིག་ བྱིན་དོ་ཡོདཔ་ཨིན་པས།

ད་རེས་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་༥༦ གིས་ ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༧ པ་དང་ སང་ཕོད་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ནི་ཨིནམ་ད་ ཀུན་གསལ་གྱིས་ གོ་རྟོགས་བྱུང་མི་དང་འཁྲིལཝ་ད་ གཞུང་གིས་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ ལོ་༢ ཀྱི་དོན་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ མཉམ་སྡེབ་ཀྱི་ སློབ་གྲྭ་ཅིག་སྦེ་ བཀོད་རྒྱ་གནང་སྟེ་ཡོདཔ་ཨིན་པས།

ད་རེས་ རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ གཞུང་གི་བར་ན་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་དང་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གུ་ མཚན་བརྟག་བཀོད་མི་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *