ལག་ལེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་སོང་ཡོད་མི་ ཡོན་ཕུ་ལ་ནང་འཁོད་གནམ་ཐང་།

ཡོན་ཕུ་ལ་ནང་འཁོད་གནམ་ཐང་ ལག་ལེན་འཐབ་ནི་ལུ་ ངོ་སྦྱོར་འབད་ཡོདཔ།

༉ བཀྲིས་སྒང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་དེ་ ཉམས་བཅོས་ཀྱི་དོན་ལས་ སྤྱི་ལོ་༢༠༡༣ ལུ་ གནམ་གྲུ་ཆགས་ནི་ལས་ བཀག་ཆ་འབད་བཞག་ཡོདཔ་ཨིན་རུང་ ད་ལས་ཕར་ ངོ་སྦྱོར་འབད་ཡོདཔ་ལས་ ལག་ལེན་འཐབ་བཏུབ་ནི་ཨིན་པས།
ཁག་འབགཔ་དེ་གིས་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ མཁའ་འགྲུལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
གནམ་གྲུ་ཐང་དེ་ རྒྱལ་སྤྱིའི་གནས་ཚད་ནང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་བའི་ཁར་ གནམ་ཐང་དེ་ སྙོམས་ཏོག་ཏོ་བཟོ་ཡོདཔ་ཨིན་པས།
གནམ་གྲུ་ཐང་དེ་ མཁའ་འགྲུལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་ཚརཝ་ཅིག་ འབྲུག་མཁའ་འགྲུལ་ལས་འཛིན་ ༼འབྲུག་ཨེ་ཡར་༽ ལུ་ མོ་བཏབ་ཀྱི་དོན་ལས་ གནམ་གྲུ་འཕུར་འགྲུལ་གྱི་ གནང་བ་བྱིན་ནི་ཨིན་ཟེར་ སླབ་ཡོདཔ་མ་ཚད་ འབྲུག་མཁའ་འགྲུལ་གྱིས་ འཕྲལ་མགྱོགས་ར་ ཤར་ཕྱོགས་རྫོང་ཁག་ནང་ འཕུར་འགྲུལ་འབད་ནི་ འགོ་བཙུགས་ནི་ཨིན་པས།
ཨིན་རུང་ ད་ལྟོ་ འབྲུག་མཁའ་འགྲུལ་གྱི་ཁ་ཐུག་ལས་ མོ་བཏབ་ཀྱི་དོན་ལུ་ ནམ་འཕུར་འགྲུལ་འབད་ནི་ཨིན་ན་ མཁའ་འགྲུལ་ལས་ཁུངས་ལུ་ སྙན་ཞུ་ག་ནི་ཡང་ མ་ལྷོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ ཁོང་གི་ཁ་ཐུག་ལས་ ཡོན་ཕུ་ལ་དང་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་༢ ནང་ འཕུར་འགྲུལ་འབད་ནིའི་དོན་ལུ་ གོང་ཚད་མར་ཕབ་ཚུ་ ག་དེ་སྦེ་བྱིན་དགོཔ་ཨིན་ན་དང་ ཚོང་འབྲེལ་གྱི་ ཁེ་ཕན་ཚུ་ ག་དེ་སྦེ་འོང་ནི་ཨིན་ནའི་ གྲོས་འཆར་ཅིག་ འབྲུག་རྒྱུ་ནོར་གཞི་བཟུང་ལས་སྡེ་ལུ་ བཙུགས་ཡོདཔ་སྦེ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ འབྲུག་མཁའ་འགྲུལ་གྱིས་ བཙུགས་ཡོད་མི་གྲོས་འཆར་དེ་ དངུལ་རྩིས་ལྷན་ཁག་ལུ་ གཏང་ཡོདཔ་སྦེ་ཨིནམ་ད་ ད་ལྟོ་ འབྲུག་མཁའ་འགྲུལ་དེ་ གཞུང་གིས་ གྲོས་ཐག་བཅད་ནི་ལུ་ སྒུག་ཡོདཔ་ཨིན་པས།
བཀའ་ལུང་གི་མི་སེར་ཚུ་ འབྲུག་མཁའ་འགྲུལ་གྱིས་ ཤར་ཕྱོགåས་རྫོང་ཁག་ནང་ འཕུར་འགྲུལ་འབད་ནི་ལུ་ སྒུག་སྟེ་ཡོདཔ་ད་ ས་གནས་ཀྱི་ཚོང་པ་ཅིག་ཨིན་མི་ ཀརྨ་བཀྲིས་ཀྱིས་ བཤད་མིའི་ནང་ གནམ་ཐང་དེ་གིས་ ས་གནས་ཀྱི་མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོད་ཟེར་ཨིན་པས།
ད་ལྟོ་ཤར་ནུབ་ཀྱི་ གཞུང་ལམ་རྒྱ་སྐྱེད་འབད་མི་དེ་གིས་ སྣུམ་འཁོར་ལམ་ཚུ་ བདེ་ཏོག་ཏོ་མེདཔ་མ་ཚད་ རྒྱ་གར་གྱི་ལམ་བདའ་སྟེ་ ངོ་རྒོལ་ལུ་བརྟེན་ཏེ་ བརྟན་ཏོག་ཏོ་མེདཔ་ལས་ གནམ་གྲུ་འཕུར་ཚུགས་པ་ཅིན་ མི་སེར་ཡོངས་ལུ་ སྟབས་བདེ་ཏོག་ཏོ་འགྱོ་ནི་མས་ཟེར་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ལོ་ངོ་༢ པའི་སློབ་ཕྲུག་ སངས་རྒྱས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ཡོན་ཕུ་ལ་གནམ་གྲུ་ཐང་ ལོག་འགོ་བཙུགས་མི་དེ་གིས་ ཐིམ་ཕུག་ལས་ ལོག་མཐོ་རིམ་སློབ་གྲྭ་ནང་ དུས་ཚོད་ཁར་ ལྷོད་ཚུགས་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་མང་ཤོས་ཅིག་ ཐིམ་ཕུག་ལས་ འོང་ནི་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ གནམ་གྲུའི་ཤོག་འཛིན་གྱི་ གོང་ཚད་དེ་ དངུལ་ཀྲམ་༥,༠༠༠ དང་༦,༠༠༠ གི་བར་ན་ཨིན་པ་ཅིན་ ཨ་ལོ་མང་ཤོས་ཅིག་གིས་ གཞུང་ལམ་ཀི་ལོ་མི་ཊར་༥༠༠ ལྷགཔ་ཅིག་འབད་མི་ རག་རོ་ནང་ལས་མེན་པར་ གནམ་གྲུ་ནང་འགྱོ་ནི་ལུ་ གདམ་ཁ་རྐྱབ་འོང་ཟེར་ཨིན་པས།
སྤ་རོ་ལས་ ཡོན་ཕུ་ལ་ཚུན་ དུས་ཡུན་སྐར་མ་༣༠ ནང་ ལྷོད་དོ་ཡོདཔ་ད་ གཞུང་ལམ་བདའ་སྟེ་འབད་བ་ཅིན་ བུམ་ཐང་ལུ་ ཞག་༡ ཉལཝ་ད་ ཉིན་གྲངས་༢ འགོར་དོ་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་ཨིན་མི་ མཁའ་འགྲོ་དབང་འདུས་ཀྱིས་ འབད་བ་ཅིན་ གནམ་གྲུ་ནང་འགྱོ་ནི་དང་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ནང་འགྱོ་ནིའི་ ཟད་འགྲོ་དེ་ ཆ་འདྲ་སུ་ཅིག་ གནས་ནི་ཨིན་རུང་ གནམ་གྲུ་ནང་ ཉེན་སྲུང་ལྡན་པའི་ཁར་ དུས་ཡུན་ཐུང་ཀུ་ཅིག་ནང་ ལྷོད་ཚུགས་པའི་ཕན་ཁྱད་ཡོདཔ་ལས་ མང་ཤོས་ཅིག་གིས་ གནམ་གྲུ་ནང་ འཕུར་འགྲུལ་འབད་ནི་ལུ་ གདམ་ཁ་རྐྱབ་དོ་འོང་ཟེར་ཨིན་པས།
ཡོན་ཕུ་ལ་ནང་འཁོད་གནམ་ཐང་དེ་ ན་ཧིང་སྤྱི་ཟླ་༡༠ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་མི་ལུ་བརྟེན་ ཕྱིས་སོཔ་ཨིན་པས།
ཨིན་རུང་ ལཱ་མཇུག་བསྡུ་ནི་ལུ་ ཕྱིས་མི་དེ་གིས་ ཟད་འགྲོ་ཐེབས་མ་གནས་ཟེར་ མཁའ་འགྲུལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༡༨ རྒྱབ་སྐྱོར་འབད་ཐོག་ལས་ ཡོན་ཕུ་ལ་ ནང་འཁོད་གནམ་ཐང་དེ་ ཉམས་བཅོས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *