ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དང་རྒྱབ་འགལ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ སྐུལ་བསྒྲགས་འབད་བའི་སྐབས་ལུ་ སྐྱེས་མ་ཚུ་ལུ་ ཟླ་ངོ་༦ གི་རིང་ སྐྱེས་འཐུས་བྱིན་ནི་སྦེ་ ཁས་བླངས་འབདཝ་བཞིན་དུ་ ཨམ་སྲུ་ཚུ་གིས་ དགའ་ཚོར་སྦོམ་བསྐྱེད་ཡོདམ་མ་ཚད་ ཚོགས་པ་གཞུང་སྐྱོང་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ འཐུས་ནམ་འཐོབ་འོང་ག་ཟེར་ སག་ལང་སྟེ་ བསྒུག་སྡོད་ནུག།
སྤྱིར་བཏང་མི་མང་གིས་ འགོ་ཐོག་ལས་ར་ ཐབས་བྱུས་དེ་ ཡུན་བརྟན་ག་དེ་སྦེ་ འོང་ག་ཟེར་བའི་ དྲི་བ་ཚུ་ བཀོད་ཡོད་རུང་ ཨམ་སྲུ་ཚུ་གི་ ཁ་ཐུག་ལས་ རྒྱབ་སྐྱོར་འབད་མི་དེ་ཡང་ སྐྱེས་མའི་འཐུས་ལུ་བརྟེན་ མ་བུ་གཉིས་ཆ་རའི་ གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་འགྱོ་ནི་དང་ ཨ་ལོ་ལུ་ ཟད་བཅུད་ལྡན་པའི་ བཞེས་སྒོ་བྱིན་ཚུགས་པའི་ འོས་འབབ་ཡོད་ནི་དེ་གིས་ཨིན་མས།
ཨིན་རུང་ ད་རེས་འབད་བའི་བསྒང་ལས་ གཞུང་གིས་ གྲོང་གསེབ་ཀྱི་ སྐྱེས་མ་ཚུ་ལུ་རྐྱངམ་གཅིག་ འཐུས་བྱིན་ནི་དང་ དེ་ཡང་ གཞུང་གི་ཧོངས་ལས་བཟོ་མི་ ཁྱད་ཚད་ཚང་མི་ཚུ་ལུ་མ་གཏོགས་ གཞན་ལུ་ ཐོབ་ལམ་མེད་ཟེར་ གསལ་བསྒྲགས་འབད་བའི་ཤུལ་ལས་ ལ་ལོ་གིས་ རྩོད་འགྲན་འབད་ནི་ འགོ་བཙུགས་ཏེ་འདུག།
ཁྱད་ཆོས་དེ་ཡང་ སྐྱེས་མ་ཚུ་གིས་ ཨ་ལོ་མ་སྐྱེ་བའི་ཧེ་མར་ བུ་ཅནམ་གི་གནས་སྐབས་ དུས་རྒྱུན་གྱི་ བརྟག་ཞིབ་མ་ཆད་པར་འབད་དེ་ ཨ་ལོ་སྨན་ཁང་ནང་ སྐྱེས་བ་ཅིན་ འཐུས་འཐོབ་ནི་ཨིནམ་ད་ གལ་སྲིད་ ཕྱི་རྒྱལ་དང་ རང་གི་ཁྱིམ་ནང་ ཨ་ལོ་སྐྱེས་མི་ཚུ་ལུ་ སྐྱེས་མའི་འཐུས་ མི་འཐོབ་ཟེར་ཨིན་མས།
གཞུང་གི་གསལ་བསྒྲགས་དེ་ལུ་ ཡིད་ཆེས་དང་ སྐྱོན་བརྗོད་གཉིས་ཆ་ར་ བྱུང་ཡོད་མི་དེ་ཡང་ ཁྱད་ཆོས་བཟོ་དགོ་པའི་ ཐབས་ལམ་ལུ་ ཤེས་རྟོགས་བྱུང་ཡོད་རུང་ མི་སྡེ་ཆ་ཤས་ཅིག་ སྐྱེས་མའི་ཐོབ་ལམ་གྱི་ ཁྱད་ཚད་བཟོ་མི་ལུ་ སེམས་དང་མ་ལྡན་པའི་ ཉོགས་བཤད་བཀོད་མི་ཡང་འདུག།
སྐྱེས་མ་ཚུ་ལུ་ ཤི་རྐྱེན་བྱུང་མི་ མར་ཕབ་དང་ གཟུགས་ཁམས་འཕྲོད་བསྟེན་ ཡར་དྲག་གཏང་ནི་ལུ་ གདོང་ལེན་བྱུང་པའི་ ནམ་དུས་ལུ་ གཞུང་གིས་ སྐྱེས་མ་ཚུ་ ཨ་ལོ་མངལ་ནང་ཡོད་པའི་སྐབས་ གསོ་བའི་སྨན་པ་ཚུ་ལུ་ བརྟག་དཔྱད་འབད་བཅུག་ནི་དང་ ཨ་ལོ་དེ་ཡང་ སྨན་ཁང་ནང་ སྐྱེས་དགོ་པའི་ གྲོས་ཐག་བཅད་མི་དེ་ ཐབས་བྱུས་ལེགས་ཤོམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ གསོ་བ་ལྷན་ཁག་གིས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ ཨ་ལོ་སྨན་ཁང་ནང་ར་ སྐྱེ་དགོཔ་དང་ དུས་རྒྱུན་དུ་ བརྟག་དཔྱད་འབད་དགོ་པའི་ བསླབ་བཀོད་དང་ བསྐུལ་མ་ཚུ་ འབད་བཞིན་དུ་ཡོད་མིའི་གུ་ གཞུང་གིས་ཡང་ འཐུས་སྤྲོད་ཐོག་ལས་ གྲོང་གསེབ་ཀྱི་ སྐྱེས་མ་ཚུ་ གསོ་བའི་ལྟེ་བ་ཚུ་ནང་ འགྱོ་ནི་གི་ སེམས་ཤུགས་ཐེབས་བསྐྱེདཔ་ཨིན་མས།
འདི་འབདཝ་ད་ འབྱོར་པ་ཅན་ཚུ་གིས་ ཕྱི་རྒྱལ་ལུ་ ཨ་ལོ་སྐྱེ་བ་འགྱོ་མི་དང་ ཉམ་ཆུང་ཚུ་གིས་ རང་སོའི་ཁྱིམ་ནང་ ཨ་ལོ་སྐྱེ་ནིའི་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ སྐྱེས་མའི་འཐུས་བྱིན་ནི་ འགོ་མ་བཙུགས་པའི་ཧེ་མར་ ཞིབ་འཇུག་མཐིལ་ཕྱིན་འབད་དགོཔ་ ཡོད་མི་དེ་ཡང་ ད་རེས་ནངས་པར་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་གི་ སྤུས་ཚད་ཡར་དྲག་སོང་སྟེ་ཡོད་རུང་ འབྱོར་པ་ཅན་ཚུ་གིས་ ཕྱི་རྒྱལ་ལུ་ ཨ་ལོ་སྐྱེ་བར་ འགྱོ་ནི་གི་ གདམ་ཁ་རྐྱབ་ཨིན་རུང་ ང་བཅས་རའི་ གྲོང་གསེབ་ཨམ་སྲུ་ཚུ་གིས་ རང་སོའི་ཁྱིམ་ནང་ ཨ་ལོ་སྐྱེས་བ་ཅིན་ སྐྱེས་མའི་འཐུས་མི་འཐོབ་ཟེརཝ་ད་ དངམ་གཅིག་ལུ་ གཞུང་གི་ཁས་བླངས་གསལ་བསྒྲགས་དེ་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་དང་ ད་རིས་འབདཝ་ད་ རྒྱབ་སྐྱོར་དགོཔ་ ངེས་བདེན་ཡོད་མི་ ཁྱིམ་ནང་ཨ་ལོ་སྐྱེས་མི་ཚུ་ལུ་ འཐུས་ཀྱི་ཐོབ་ལམ་མེད་ཟེརཝ་ད་ ཁ་དང་ལགཔ་ རྟགས་མ་མཐུན་པར་ རྒྱབ་འགལ་ཨིན་པའི་ མངོན་རྟགས་སྟོནམ་མས།
འབྲུག་ལུ་ ཐོན་ཁུངས་ཚད་གཅིག་ལས་བརྒལ་ མེད་ནི་དེ་གིས་ སྐྱེས་མ་ཆ་མཉམ་ལུ་ འཐུས་སྤྲོད་ནི་གི་ འོས་འབབ་མེད་པའི་སྐོར་ ག་ར་ལུ་ ཤེས་རྟོགས་ཡོད་རུང་ འདས་པའི་གཞུང་གི་སྐབས་ ཞི་གཡོག་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་ལུ་ སྐྱེས་མའི་ངལ་གསོ་ཟླཝ་༦ བྱིན་མི་དེ་གིས་ སྒེར་སྡེའི་ཁ་ཐུག་ལས་ ངོས་ལེན་འབད་མ་བཏུབ་པར་ གཞུང་དང་ སྒེར་སྡེ་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་གི་བར་ན་ འདྲ་མཉམ་མེད་པར་ ཁྱད་པར་བཟོ་དོ་བཟུམ་ཅིག་སྦེ་ ད་རིས་ཡང་ ཁྱིམ་ནང་དང་ སྨན་ཁང་ནང་ ཨ་ལོ་སྐྱེས་མི་ ཨའི་ཚུ་གི་བར་ན་ཡང་ ཁྱད་པར་སྦོམ་སྦེ་ བཟོ་ནི་བཟུམ་ཅིག་སྦེ་ མཐོང་སྣང་བྱུངམ་མས།
མ་གཞི་ གཞུང་གིས་ ཁས་བླངས་འགྲུབ་ནི་དེ་ གལ་ཆེ་ནི་ཨིན་རུང་ སྐྱེས་མའི་ཐོབ་ལམ་གྱི་ཐད་ལུ་ སྨན་ཁང་ནང་ བརྟག་དཔྱད་འབད་མི་དང་ མ་འབད་མི་ དེ་ལས་ ཁྱིམ་ནང་དང་ སྨན་ཁང་ནང་ ཨ་ལོ་སྐྱེས་མིའི་བར་ན་ ཁྱད་པར་ཕྱེ་ཐོག་ལས་ འཐུས་སྤྲོད་ནི་གི་ ཁྱད་ཆོས་བསྟར་སྤྱོད་འབད་ནི་ འགོ་མ་བཙུགས་པའི་ཧེ་མར་ ད་རུང་ གཞུང་གི་གྲོས་ཆོད་དེ་ བསྐྱར་ཞིབ་ཐོག་ འོས་ལྡན་གྱི་ ཐབས་ལམ་བཏོན་དེ་ ལག་ལེན་འཐབ་པ་ཅིན་ ཕན་ཁྱད་ནི་བཟུམ་འདུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *